དགོངས་ཚུལ།

༧པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ཅེས་པའི་དཔེ་དེབ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།


ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢༨ཉིན། ༧པཎ་ཆེན་བཅུ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ཏེ་མི་ལོ་༢༤འཁོར་བ་དང་བསྟུན་ཏེ། དེ་རིང་སྔ་དྲོ་ཆུ་ཚོད་༩དང་ཕྱེད་ཀ་ཐོག བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བོད་རིགས་ཤེས་ལྡན་པའི་རྗེས་དྲན་ཚོགས་འདུ་ཞིག་སྐོང་ཚོགས་གནས་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་༩དང་ཕྱེད་ཀ་ཐོག གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདས་ཏེ་མི་ལོ་ཧྲིལ་པོ་༢༤འཁོར་བ་རྗེས་དྲན་གྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་ན་ག་སངས་རྒྱས་བསྟན་དར་ལགས། ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་དང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་སོགས་བོད་རིགས་རྩོམ་སྒྲིག་པ་དང་ཉམས་ཞིབ་པ། ཡིག་སྒྱུར་བ། རྩོམ་པ་པོ།་ གསར་འགོད་པ་སོགས་མི་གྲངས་༣༠ལྷག་འདུ་འཛོམས་གནང་འདུག་ལ། སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ན་ག་སངས་རྒྱས་བསྟར་དར་ལགས་དང་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་རྡོ་རྗེ་དབང་ཕྱུག་ལགས་བཅས་ཀྱིས་༼པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག༽དེབ་ལྗགས་ཀློག་གནང་རྗེས་ཀྱི་དགོངས་ཚུལ་གསུངས་པ་དང་།  དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་ཀརྨ་དགེ་ལེགས་ལགས་ཀྱིས་༸པཎ་ཆེན་བཅུ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཏེ་མི་ལོ་ ༢༤ འཁོར་བའི་རྗེས་དྲན་གྱི་གསུང་བཤད་གནང་རྗེས། བོད་ཀྱི་ཤེས་བྱ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་དང་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས། བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་བཅས་ཀྱིས། ང་ཚོས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་རྗེས་དྲན་དང་ཁོང་གི་ཐུགས་རེ་འགྲུབ་པར་འབད་བརྩོན་གནང་དགོས་པའི་སྐོར་སོགས་ལ་གསུང་བཤད་གནང་སོང་།

ཐོག་མར་༼༧པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག༽ཅེས་པའི་དཔེ་དེབ་རྩོམ་སྒྲིག་པ་གཙང་ཕྲུག་སྟོབས་ལགས་ཀྱིས་ཞིབ་འཇུག་གི་བརྒྱུད་རིམ་སྙན་སེང་ཞུས་པ་དང་སྦྲགས། དཔེ་དེབ་དེ་རྩོམ་སྒྲིག་གནང་བའི་ཐོག་མའི་ཀུན་སློང་གི་བྱུང་རིམ་དང་དགོས་དམིགས། བརྗོད་བྱ་གཙོ་བོ་བཅས་འགྲེལ་བརྗོད་གནང་དོན། ང་རང་རྒྱ་གར་ནང་དུ་སླེབས་རྗེས་དེབ་ལྟ་ཀློག་གི་རང་དབང་ཡོད་དུས། ངའི་༧པཎ་ཆེན་རིན་པོ་ཆེ་ལ་ལྟ་སྟངས་རྦད་དེ་འགྱུར་སོང་ལ། དཔེ་ཆ་མང་པོ་ཞིག་ལ་བལྟས་ཡོང་དུས་༧པཎ་ཆེན་རིན་པོ་ཆེ་དངོས་གནས་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་བྱུང་ལ།  དད་པ་རེད་ཅེས་ཞུ་ཤེས་ཀྱི་མི་འདུག་ཀྱང་། གང་ལྟར་ཁོང་ལ་ང་རང་གི་མ་རྒན་ལས་སེམས་ཐག་ཉེ་བོ་ཡིན་པའི་ཚོར་སྣང་ཞིག་སླེབས་སོང་། དེའི་ཕྱིར་ཡིག་ཆ་མང་པོར་ལྟ་ཀློག་བྱས་རྗེས་དཔེ་དེབ་འདི་འདྲ་ཞིག་ཕུད་ཐུབ་པ་ཡིན་ན། གནས་ཚུལ་མང་པོ་ཞིག་ལ་གསལ་ཁ་མེད་པ་དེ་ཇེ་གསལ་དང་། ང་རང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་ལྟ་སྟངས་གསར་པ་ཞིག་སླེབས་ཐུབ་ངེས་རེད་བསམས་ནས་དེབ་འདི་རྩོམ་སྒྲིག་བྱས་པ་ཡིན་ཞེས་དང་། དེབ་འདིའི་ནང་དུ་༧པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་དང་སྐུའི་གཤེགས་རྐྱེན། གསང་ཡུམ་བཞེས་སྟངས། མིང་དོན་མཚུངས་བའི་མི་རིགས་ས་ཁོངས་རང་སྐྱོང་རྩོད་ལེན། བོད་སྐད་ཡིག་སྦྱོང་འབྲི་སྤེལ་གསུམ། ནང་བསྟན་གྱི་མཛད་པ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། རིག་གནས་གསར་བརྗེ་སྐབས་ཀྱི་འཐབ་འཛིང་། བཙོན་ཁང་དུ་ཚུད་པ། དེ་བཞིན་བོད་རྒྱ་ཞི་མོལ་ཐད་ཀྱི་དགོངས་གཞི། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་འབྲེལ་བ་སོགས་ཀྱི་ཐད་ལ་གང་ཐུབ་ཀྱིས་ཁ་གསལ་དུ་བཀོད་ཡོད་ལ། ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཤེགས་རྐྱེན་གྱི་སྐོར་ནས་རྒྱ་གཞུང་གིས་བཤད་པ་དང་མི་མཐུན་པའི་གནད་དོན་གསུམ་གྱི་ཐད་དོགས་དཔྱད་བྱས་ཡོད་སྐོར་གསུངས་སོང་།

སྐབས་དེར་དམིགས་བསལ་སྐུ་མགྲོན་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན།
དེང་རབས་ཀྱི་ཉམས་ཞིབ་གནས་ཚད་ལྡན་པ་ཡོང་བར་བརྗོད་གཞི་མི་འདྲ་བ་རེ་ལ་ཉམས་ཞིབ་བྱེད་སྟངས་མ་འདྲ་བ་རེ་ཡོད་པ་དངོས་ཡོད་གནས་སྟངས་རེད།  དེ་རིང་དབུ་འབྱེད་བྱས་པའི་༸པཎ་ཆེན་ཨེར་ཏེ་ནི་ཉམས་ཞིབ་འདི་ནི་བྱུང་བ་རིག་པའི་ཁོངས་སུ་གནས་ཡོད་པས།  འདི་ལ་ཉམས་ཞིབ་བྱེད་སྟངས་ཀྱང་ཐ་དད་ཅིག་ཡོད་པ་རེད། དེར་ང་ཚོ་བོད་པའི་ནང་དུ་ཞན་ཆ་ཆེན་པོ་ཞེ་དྲག་ཡོད་པ་རེད། ད་ལྟའི་བར་བོད་ལ་རིག་པའི་གནས་ཡོངས་སུ་རྫོགས་པ་དར་ཡོད་ཀྱང་། བོད་ཡིག་གི་ཐོག་ནས་བོད་པ་རང་གི་བྱུང་བ་རིག་པ་འབྲི་སྟངས་ཀྱི་རིག་གནས་དེ་དར་ཁྱབ་ཁྱོན་ནས་བྱུང་མྱོང་ཡོད་པ་མ་རེད་ཅེས་དང་།

དེ་བཞིན་ཐ་སྙད་བེད་སྤྱོད་གཏོང་སྟངས་ཀྱི་སྐོར་ནས་གསུངས་རྒྱུར། ང་ཚོས་མཐོང་བཞིན་པའི་མི་ཚེ་འདིའི་ནང་ལོགས་ལ་འགྱུར་རླབས་ཆེན་པོ་ཞེ་དྲག་སོང་ཡོད་པ་རེད། འགྱུར་རླབས་དེར་ཡར་རྒྱས་ཀྱི་ངོ་བོ་ཡོད་ལ། ཉམས་ཆག་གི་ངོ་བོ་དང་གསར་གཏོད་ཀྱི་ངོ་བོ་གསུམ་ག་ཡོད་པ་ཞིག་རེད། ཡར་རྒྱས་སུ་སོང་བའི་འགྱུར་རླབས་དེའི་ཁྲོད་དུ་ཐ་སྙད་བེད་སྤྱོད་བྱེད་སྟངས་ལ་དཀའ་ངལ་ཞེ་དྲག་ཅིག་འཕྲད་ཡོང་གི་འདུག གང་ཡིན་ཟེར་ན། སྔོན་མ་བོད་པའི་བསྟན་འགྱུར་བསྟན་འགྱུར་སོགས་ཀྱི་ནང་དུ་ཡོངས་གྲགས་ཀྱིས་བེད་སྤྱོད་གཏོང་བསྡད་པ་དེ་ཚོ། དེ་རིང་ཁ་སང་དོན་དག་གསར་པ་ཞིག་གི་སྒང་ལ་བེད་སྤྱོད་གཏོང་ཡོང་དུས། མ་འོངས་པའི་ཀློག་པ་པོ་དེ་ཚོར་མགོ་རྨོངས་བའི་གཞི་ཞིག་ཏུ་ཆགས་འགྲོ་གི་ཡོད་པས། དེ་ཚོའི་རིགས་ལ་ཐུགས་གཟབ་གནང་དགོས་ཀྱི་འདུག་ཅེས་སོགས་གསུངས་སོང་།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།