དགོངས་ཚུལ།

གང་སྦྱང་པ་དེ་རང་རྒྱུད་ལ་འཇགས་དགོས་རྒྱུ་གལ་ཆེ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢༨ཉིན། ཟླ་འདིའི་ཕྱི་ཚེས་༢༠ནས་ཉིན་བཞིའི་རིང་དཔལ་ས་སྐྱའི་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ས་སྐྱའི་མཐོ་སློབ་ཏུ་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ཅིག་བཀའ་དྲིན་བསྐྱངས་གནང་སོང།

ཁ་སང་ཕྱི་ཚེས་༢༠སྔ་དྲོ་ཕྱག་ཚོད་བརྒྱད་ཐོག་དཔལ་ས་སྐྱའི་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་མཆོག་འཁོན་གདུང་སྐུ་བགྲེས་གཞོན་རྣམ་པ་དང་། ངོར་ཁྲི་པ་ཀླུ་ལྡིང་མཁན་རིན་པོ་ཆེ་སོགས་གཙོས་པའི་བསྟན་བདག་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་གཞན་ཡང་ཕྱོགས་མཐའ་ནས་ཕེབས་པའི་རང་གཞུང་གི་སྤྱི་འཐུས་ཁག་ཅིག་གིས་དབུས་པའི་སྤྱི་ཟུར་གྲྭའུ་དཔོན་རིན་ཆེན་ཚེ་རིང་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་དང་དགོན་སྡེ་ཁག་གི་གྲྭ་བཙུན་དང་མི་མང་བཅས་ཁྱོན་མི་གྲངས་སྟོང་ཚོ་གཉིས་ཡས་མས་ཤིག་འདུ་འཛོམས་ཐོག་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭར་གསན་བསམ་མཐར་ཕྱིན་ཏེ་ད་ཆ་ཕྱག་དཔེའི་དགེ་རྒན་གནང་བཞིན་པའི་མདོ་ཁམས་སྒ་སྟོད་སྐྱེ་དགུ་དོན་འགྲུབ་གླིང་གི་མཆོག་སྤྲུལ་གྲྭའུ་མཻརྒན་རིན་པོ་ཆེ་མཆོག་མཁན་པོ་ཁྲི་འདོན་གྱི་མཛད་སྒོ་ཚོགས་གནང་སོང།

སྐབས་དེར་སྐྱབས་མཆོག་༸གོང་མ་རིན་པོ་ཆེས་བཀའ་བསྩལ་དོན། ང་རང་ཚོ་གནས་བཞིན་འགྱུར་བའི་འཛམ་བུ་གླིང་འདིའི་ནང་ལ་འགྲོ་བ་མིའི་མཚོན་པའི་མི་རིགས་འདྲ་མིན་ཆོས་ལུགས་འདྲ་མིན་ལྟ་གྲུབ་འདྲ་མིན་སོགས་མང་པོ་ཞེས་ཡོད་ཀྱང་ཚང་མས་དམིགས་ཡུལ་དེ་སྡུག་བསྔལ་ཞི་བ་དང་བདེ་བར་འཐོབ་ཡ་ཆེད་དུ་ཚང་མས་བང་སྒྲིག་ནས་འགྲོ་གིན་ཡོད་རེད། འདས་པའི་དུས་རབས་ནང་ལ་ཕྱིར་དངོས་པོ་ཡར་རྒྱས་ཞེ་དྲག་ཕྱིན་ནས་སྨན་བཅོས་བྱེད་ཡ་དང་འགྲིམ་འགྲུལ་སོགས་ལ་ཕན་ཐོག་རླབས་པོ་ཆེ་བྱུང་ཡོད་རེད་དེ་ཡིན་ནའང་གཙོ་ཆེ་ཤོས་ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེ་ཡོང་ཐུབ་ཡ་མེད་པ་རེད།དེ་འདྲའི་སེམས་ཀྱི་ཞི་བདེ་ཡོང་ཡ་དེ་ཆོས་ཀྱི་བསླབ་བྱའི་ཐོག་ནས་ཡོང་དགོས་ཀྱི་ཡོད་རེད། འཛམ་གླིང་ནང་ལ་ཆོས་ལུགས་འདྲ་མིན་མང་པོ་ཞེས་ཡོད་པས་ཆོས་ལུགས་ཚང་མར་རང་རང་སོ་སོའི་ཁྱད་ཆོས་དང་དགོས་ཆོས་རེ་ཡོད་ཙང་། མུ་སྟེགས་ཅན་ལའང་སྨད་མི་བྱ་གསུངས་པ་བཞིན། རང་རང་སོ་སོས་དད་པ་དང་ཡིད་ཆས་སུར་བྱེད་པ་ཡིན་ནའང་ཆོས་ལུགས་ཚང་མར་རྩི་བཀུར་དང་ཕན་ཚུན་མཐུན་ལམ་བྱེད་ཡ་དེ་གལ་ཆེན་པོ་རེད། ཅེས་དང་། བསྟན་པའི་རྩ་བ་ལུང་རྟོགས་ཀྱི་བསྟན་པར་རག་ལས་ཀྱི་ཡོད་སྟབས་གཞུང་ཆེན་པོར་སློབ་གཉེར་བྱེད་དགོས་ཡ་དེ་ཤིིན་ཏུ་ནས་གལ་ཆེན་པོ་ཡིན་ཙང། ཡོངས་འཛིན་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་ལོ་མང་རིང་ཐུགས་ཁུར་དང་སྐུ་ངལ་བཞེས་ནས་མཐོ་རིམ་སློབ་གྲྭ་ཆེན་མོ་ཚུགས་ཐུབ་པ་དང་དེ་ཙམ་དུ་མ་ཟད་ལུང་དང་རིག་པ་སྨྲ་བའི་དགེ་བའི་བཤེས་གཉེན་སོགས་ཐོན་བྱེད་ནས་གྲུབ་འབྲས་ངོམ་སོ་ཐོན་པ་ལྟ་བུ་བྱུང་བ་རེད།

ད་ལྟའི་ཆ་ཡང་ལས་ཐོག་མཁན་པོ་རྒྱ་མཚོ་རིན་པོ་ཆེས་ཐུགས་ཁུར་བཞེས་བཞིན་པས་ཕྱི་ནང་གང་ཐད་ནས་འཛུགས་སྐྲུན་གནང་ཡ་རེད། སློབ་སྦྱོང་སྤྲོད་སྟངས་སོགས་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་ཆ་ཤས་སུ་གྲའུ་མཻརྒན་རིན་པོ་ཆེས་གསན་བསམ་སློབ་གཉེར་ལེགས་པར་གྲུབ་ནས་དེ་རིང་འདིར་མཁན་པོ་མཚན་སྙན་བཞེས་རྒྱུ་བྱུང་བ་དེ་དགའ་སྤྲོ་ཡིད་ཚོར་འཕྱུར་བཞིན་པའི་ངང་ནས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། གལ་ཆེ་ཤོས་སངས་རྒྱས་ཀྱི་བསྟན་པ་རྩ་བ་ཡོད་ས་དེ་ང་རང་ཚོའི་ཕ་ཡུལ་བོད་གངས་ཅན་ལྗོངས་ནང་རེད། སོང་ཙང་བོད་ནང་དུ་བསྟན་པའི་རྩ་བ་ཡུན་དུ་གནས་ཐུབ་ཡ་ཞེས་དང་ཡར་རྒྱས་གོང་འཕེལ་འགྲོ་དགོས་ཡ་དེ་དཔེ་གལ་ཆེ་རེད། གཙོ་ཆེ་ཤོས་དེ་བསླབ་པ་སློབ་གཉེར་བྱེད་པའི་གྲུབ་འབྲས་དེ་སྒྲུབ་པ་ཉམས་ལེན་ལ་སྐྱེལ་དགོས་ཀྱི་ཡོད་རེད། སློབ་གཉེར་གཅིག་པོ་མ་ཡིན་པ་གང་སློབ་པ་དེ་རང་གི་རྒྱུད་ཐོག་ལ་སྨན་པ་མཛད་ནས་སྒྲུབ་པ་ཉམས་ལེན་བྱེད་དེ་གོང་མའི་རྣམ་ཐར་བདག་གིར་སྐྱོང་ཐུབ་ཡ་ཞེས་གནང་རོགས་གནོངས་ཤེས་སོགས་བཀའ་བསྩལ་གྲུབ་རྗེས། འབྲེལ་ཡོད་དགོན་སྡེ་ཁག་དང་ཕྱོགས་མཐའ་ནས་ཕེབས་པའི་སྐུ་མགྲོན་གཞན་ཡང་གྲྭ་བཙུན་བཅས་རིམ་བཞིན་མཆོག་སྤྲུལ་མཻ་རྒན་རིན་པོ་ཆེར་མཇལ་དར་འབུལ་གནང་རྗེས་ཉིན་དེའི་མཛད་རིམ་རྣམས་རྒྱལ་ཁ་ངང་ལེགས་སྒྲུབ་ཟིན།

ཕྱི་ཚེས་༢༡ཉིན་སྐྱབས་མཆོག་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་ཆེན་རྣམ་པ་དང་རྒྱ་ཕྱི་ནང་གི་སྐུ་མགྲོན་དང་དད་ལྡན་མང་ཚོགས་དེ་བཞིན་འབྲེལ་ཡོད་དགོན་སྡེ་ཁག་གི་དགེ་བཙུན་རྣམ་པ་དབུས་པའི་ཁྱོན་འདུས་པ་ལྔ་བརྒྱ་ཙམ་གྱིས་སྐྱབས་རྗེ་བདེ་བར་གཤེགས་པ་ལྔ་རིག་འོད་སྣང་འབྱེད་པའི་ཡོངས་འཛིན་སྨྲ་བའི་དབང་པོ་མཁན་ཆེན་ཨ་པད་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས་ཚོགས་གནང་བ་དང་ཕྱི་ཚེས་༢༢་སྔ་དྲོ་ས་སྐྱ་མཐོ་སློབ་ཏུ་གསན་བསམ་མཐར་ཕྱིན་པའི་སློབ་ཐོན་པ་ཁག་ཅིག་མཁན་པོ་ཁྲི་འདོན་གྱི་མངའ་གསོ་མཛད་གནང་བ་དང་། ཕྱི་དྲོ་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེས་མགོན་པོའི་རྗེས་གནང་གིས་ཆོས་འབྲེལ་བསྩལ་གནང་བ་དང་ཕྱི་ཚེས་༢༣ཉིན་ས་སྐྱའི་མཐོ་སློབ་འདུས་སྤྱི་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་མི་མང་སྟོང་ཚོ་བཞི་ཡས་མས་ཤིག་ལ་གྲུབ་ཆེན་ལྕག་ཟམ་པའི་རྒྱུད་པའི་ཚེ་དབང་ལོ་བརྒྱ་མའི་ཆོས་འབྲེལ་བསྩལ་གནང་སོང། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ཆོས་ཞུ་བ་ཡོངས་ལ་མཛའ་བརྩེ་འཚམས་འདྲི་དང་སྦྲགས་བཀའ་གནང་དོན། ཆོས་ཞུ་བར་ཐོག་མ་ཀུན་སློང་ཀུན་སྤྱོད་དེ་ཆགས་སྡང་གི་དབང་དུ་མ་ཤོར་གནང་དགོས་རྒྱུ་དང་ཀུན་སློང་གང་ཡང་མེད་ཀྱང་གཟིགས་མོའི་ངོ་བོ་ལྟ་བུའི་ཐོག་ནས་ཆོས་ཞུ་བར་དགོས་པ་དམིགས་བསལ་མེད་པ་རེད། གཞི་རྩ་ཆ་ནས་ཆོས་ཞུ་བར་ཀུན་སློང་བཟང་པོ་དགོས་རྒྱུ་དེ་གལ་ཆེ་རེད། ཆོས་ཇི་ཙམཟབ་པ་ཡིན་ཡང་རང་གི་ཀུན་སློང་དེ་སྨན་དུ་བྱུང་བ་ཞེས་འཁྱེར་མ་ཐུབ་པ་ཡིན་ན་འགྲིག་གི་ཡོད་མ་རེད་གསུང་ཅེས་དང་། མུ་མཐུད་ནས་བསྟན་དོན་རང་ཉིད་ཡག་པོ་ཡོང་དགོས་ཀྱི་ཡོད་ན་མ་འོངས་པར་བདེ་སྡུག་ག་རེ་ཡོང་མིན་དེ་གཞན་ལ་རག་མ་ལས་པ་རང་ཉིད་ལ་རག་ལས་ཡོད་སྟབས་བླ་མ་དགེ་འདུན་པ་ཚོ་ཡིན་ནའང་རབ་ཏུ་བྱུང་ཚ་བའི་རྗེས་རང་རང་གི་བསྲུང་བྱར། དགོན་པའི་ཁྲིམས་སྡོམ་མཁན་ཡོད་མིན་ལ་མ་ལྟོས་པ་ཁྲིམས་དང་སྡིག་པ་རང་ཁུར་ཟེར་བ་བཞིན་མིའི་མདུན་ལ་འདྲ་ཆགས་པོ་བྱེད་ཡར་ལས་སླར་པོ་ཡོད་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་དབུ་བསྐོར་ཞུ་ཐུབ་ཡ་ཡོད་མ་རེད། དེ་འདྲ་སོང་ཙང་ཚང་མས་རང་རང་གི་མཁས་བླང་པའི་དམ་ཚིག་དང་སྡོམ་པ་སྲུང་བསྡོམ་ཚུལ་བཞིན་བྱེད་ནས་བསླབ་པ་སློབ་གཉེར་གནང་ཡ་སོགས་རང་དོན་རང་གཅེས་གནང་ནས་གནད་འཕྲང་ཅན་གྱི་དུས་སྐབས་འདིར་དགོངས་ནས་བླ་མ་དགེ་འདུན་པ་ཚང་མས་སྤྱོད་ལམ་བརྟུལ་ཞུགས་ཚུན་ཆད་དུས་དང་རྣམ་པ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པའི་མཚན་རླབས་དགུངས་འདེགས་ཡོང་ཡར་ཐུགས་ལ་བསྐྱང་རོགས་གནོངས། ཅེས་དང་།

མི་མང་ཚོ་ཡིན་ན་ཡང་ང་རང་ཚོ་བོད་རིགས་ཡིན་ན་རེད་ཧི་མ་ལ་ཡན་མི་རིགས་ཡིན་ན་རེད་ཚང་མས་ད་ལྟའི་དུས་རབས་ཉེར་གཅིག་པ་འདིིའི་ནང་མིང་དོན་མཚུངས་པའི་ནང་པ་ཞེས་གནང་དགོས་ཡ་དེ་གལ་ཆེ་རེད། སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་དགོན་པ་ནང་བཞུགས་མཁན་བླ་མ་དགེ་འདུན་པ་རྐྱང་པའི་བྱེད་ཡ་མིན་པ། ཕོ་མོ་དང་རྒན་གཞོན་དབྱེར་མེད་ཚང་མས་དགེ་བ་བསྒྲུབ་སྡིག་པ་སྤོང་ཚོགས་བསགས་སྒྲིབ་པ་སྦྱོང་བྱེད་པ་ཡིན་ན་དེ་སངས་རྒྱས་ཀྱི་བསྟན་པ་རེད། བསྟན་པ་ཟེར་བ་དེ་མི་གཅིག་ནས་གཉིས་སུ་བགྲང་པའི་རང་རང་གི་ཐུགས་རྒྱུད་ཀྱིས་སྡིག་སྤོང་དགེ་སྒྲུབ་གནང་ན་སངས་རྒྱས་ཀྱི་བསྟན་པ་རེད་མ་གཏོགས་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་ཕྱིར་གཙུག་ལག་ཁང་བཞེངས་ཡ་རེད་སྐུ་གསུང་ཐུགས་རྟེན་བཞེངས་ཡ་སོགས་ཕྱག་དང་མཆོད་འབུལ་གྱི་ཡུལ་གལ་ཆེ་རེད་དེ། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་དེ་ང་རང་ཚོ་མིས་འཛིན་དགོས་རེད། མི་གཅིག་ནས་གཉིས་སུ་བགྲང་པའི་ཚང་མས་དགེ་བ་སྒྲུབ་ཡ་དང་སྡིག་པ་སྤོང་ཡ་ཆོས་ལ་སློབ་སྦྱོང་བྱེད་ཡ། གང་སློབ་སྦྱོང་བྱེད་པ་དེ་རང་རྒྱུད་ལ་འཇགས་ཐུབ་ཡ། དེར་རྟེན་ནས་སེམས་ལ་འགྱུར་བ་གཏང་ཡ། འགྱུར་བ་བཏང་ནས་རིམ་པ་ཡར་རྒྱས་ཕྱིན་ནས་ས་ལམ་བགྲོད་དེ་མཐའ་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཡ་བྱུང་པ་ཡིན་ན་དངོས་ཉིད་སངས་རྒྱས་ཀྱི་བསྟན་པ་འཛིན་ཐུབ་ཡ་ཞེས་བྱུང་བ་རེད། བསྟན་པ་འཛིན་པར་ང་ཚོ་ཚང་མར་ལས་འགན་ཡོད་རེད།བསྟན་པ་འཛིན་ཡར་སྐྱ་སེར་ཕོ་མོ་དབྱེར་བ་མེད་པའི་ཐོག་ནས་ནང་པ་མིང་དོན་མཚུངས་པ་ཞེས་དགོས་ཡ་གལ་ཆེ་ཡིན་ཙང་དེ་དོན་ཚང་མས་ཐུགས་ལ་བསྐྱང་རོགས་གནོངས་ཤེས་དང་། མཐར་གསུང་དོན། དེ་རིང་མཛད་སྒོའི་ཁག་གོ་སྒྲིག་གནང་མཁན་ཚོ་དང་འབྲེལ་ཡོད་སྦྱིིན་བདག་ཚོ་དེ་བཞིན་དངོས་ཤུགས་རྒྱུད་གསུམ་ནས་འབྲེལ་བ་ཡོད་མཁན་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་ཡ་དང་། ཆབས་གཅིག་དེ་ལྟ་བུའི་རྣམ་དཀར་གྱི་དགེ་བ་བསགས་པའི་མཐུ་ལ་རྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་ཀུན་གྱི་གཙུག་རྒྱན་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་དབུས་པའི་རིས་སུ་མ་མཆེད་པའི་བསྟན་འཛིན་གྱི་སྐྱེ་བུ་དམ་པ་ཐམས་ཅད་ཀྱང་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་རླབས་ཆེན་ཆོས་སྲིད་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱི་འགྲུབ་པ་དང་། ཕྱོགས་དང་རིས་སུ་མ་མཆེད་པའི་དགེ་འདུན་གྱི་སྡེ་ཐམས་ཅད་ཀྱང་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཆོས་སྤྱོད་བཅུས་བྱ་བའི་དུས་འདའ་བ་དང་། དེ་དག་གིས་ཐུགས་རྗེ་དང་བྱིན་རླབས་ལ་རྟེན་ནས་རྒྱ་གར་འཕགས་པའི་ཡུལ་གཙོས་པའི་འཛམ་བུ་གླིང་གང་ས་གང་ལ་སྙིགས་ངན་རྒུད་ཚོགས་མཐའ་དག་རང་ས་ཞི་ནས་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་ལོངས་སྤྱོད་ཐུབ་པ་དང་། ལྷག་པར་དུ་ཡང་རང་ཡུལ་གངས་ཅན་ལྗོངས་ལ་དེ་རིང་ཁ་སང་ཆེས་ཡ་ངའི་གནས་ཚུལ་མི་མང་པོས་རང་ལུས་མེ་བསྲེགས་ཀྱི་སྐུ་ལུས་མཆོད་མེར་འབར་བྱེད་ནས་ཡ་ངའི་གནས་ཚུལ་ཡོང་གིན་ཡོད་པ་དེ་དག་ཀྱང་འཕྲལ་དུ་མྱུར་དུ་ཤི་གསོན་ཡོངས་རྫོགས་ཀྱི་རེ་བའི་འབྲས་བུ་སྨིན་པ་དང་དེ་ལྟ་བུའི་སྡུག་བསྔལ་མནར་གཅོད་དྲག་པོའི་མྱོང་མི་དགོས་པ་བསམ་པའི་རེ་བ་བཞིན་འགྲུབ་ནས་རིང་པོ་མི་ཐོག་པ་གཞི་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ལ་ལོངས་སུ་སྤྱོད་ཐུབ་པ་ཡོང་ཡ་དང། འདིར་ཆོས་ཞུ་བ་གཙོ་བོ་གྱུར་པའི་མཁའ་ཁྱབ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱང་སྒྲིག་གཉིས་བྱང་ཚོགས་གཉིས་རྫོགས་རྣམ་པ་ཐམས་ཅད་མཁྱེན་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡ་སོགས་ཚང་མས་ཐུགས་སྨོན་རྒྱ་མི་ཆུང་བ་གནང་རོགས་གནོངས་ཤེས་གསུང་བྱུང་།

དེའི་རྗེས་བླ་སྤྲུལ་རྣམ་པ་དང་མི་མང་བཅས་རིམ་བཞིན་མཇལ་ཁ་བརྩལ་སོང། ཕྱི་ཚེས་༢༤་ཉིན་སྔ་དྲོ་དཔེར་མཛོད་གསར་བཞེངས་གནང་ཡུལ་ལ་ས་ཆོག་དང་དེའི་རྗེས་མཐོ་རིམ་སློབ་གྲྭ་འདུས་སྤྱི་ཡོངས་ལ་ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་མཁས་མཇུག་གི་ལྗགས་ལུང་གནང་སྟེ་རིང་བཞིན་ཁུལ་དེའི་མཛད་རིམ་ཁག་རྣམས་ལེགས་པར་གྲུབ་ནས་ཕྱིར་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་སོང། ས་སྐྱའི་མཐོ་རིམ་སློབ་གྲྭ་འདི་བཞིན་དཔལ་ས་སྐྱའི་ཁྲི་ཐོག་ཞེ་གཅིག་པ་སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་མཆོག་གིས་བཀའ་སློབ་ལམ་སྟོན་འོག་འཇམ་མགོན་སྐུའི་ཡོངས་འཛིན་སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ཨ་པད་རིན་པོ་མཆོག་གིས་ཕྱི་ལོ་༡༩༧༢།༡༢།༡༩ཉིན་མ་སུ་རི་ས་གནས་བྷར་ལོ་གྷང་ཇི་ཞེས་པའི་གནས་དེར་ཐོག་མའི་ཆོས་མཐུན་གནང་ནས་བཤད་གྲྭ་དབུ་འཛུགས་མཛད་གནང་ཡོད་འདུག

ད་བར་བགྲང་བྱ་བཞི་བཅུའི་ལྷག་གི་རིང་སྤྱིར་ན་བོད་བསྟན་སྲིད་དང་ཡང་དགོས་དཔལ་ལྡན་ས་སྐྱ་པར་ཉག་ཕྲ་བའི་དུས་སྐབས་འདིར་འདབ་གཤོག་གཉིས་ལྡན་གྱི་མཁས་དབང་མང་པོ་ཞེས་སྐྱེད་སྲིང་གནང་ཐུབ་པས་རྨད་དུ་བྱུང་མཛད་རྗེས་འཇོག་ཡོད། བཤད་གྲྭ་འདི་ཉིད་བཙན་བྱོལ་ནང་སློབ་གླིང་ཆེས་སྔ་ཤོས་ཤིག་རེད་འདུག་པ་མ་ཟད་ཆོས་བརྒྱུད་གཞན་གྱི་མི་སྣ་ཡང་འདིའི་ནང་སློབ་སྦྱོང་གནང་ནས་སྦྱོང་འབྲས་ལེགས་ཐོན་ཟིན་པ་དེ་འདྲ་ཡང་བྱུང་ཡོད་འདུག   
གནས་ཚུལ་མཁོ་སྤྲོད་པ་ཐུབ་བསྟན་རྒྱལ་མཚན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།