བཞུགས་སྒར་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢༣ཉིན། དེ་རིང་ཕྱི་དྲོ་ཆུ་ཚོད་༤པ་ཐོག རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས་དང་དཀོན་མཆོག་སྐྱབས་ལགས་གཉིས་གཙོ་བོར་གྱུར་བའི་བོད་མི་རིགས་ཀྱི་རང་དབང་དང་དྲང་བདེན་གྱི་ཆེད་ལུས་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མཆོད་འབུལ་སྨོན་ལམ་གནང་སོང་།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་དྲོ་ཆུ་ཚོད་༤པ་ནས་གངས་སྐྱིད་ཀྱི་ལས་ཁུངས་ཁག་གི་སྒོ་བརྒྱབ་སྟེ། དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སྐྱ་སེར་མི་མང་བཅས་འདུ་འཛོམས་ཀྱིས། ཟླ་འདིའི་ཕྱི་ཚེས་༡༨ཉིན། བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོ་ནས་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་གྲུབ་མཆོག་ལགས། ཕྱི་ཚེས་༢༢ཉིན། བོད་མདོ་སྨད་བླ་བྲང་འབོ་ར་རུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེ་ལགས་གཉིས་གཙོ་བོར་གྱུར་བའི་རྒྱ་གཞུང་གི་བཙན་གནོན་དམ་དྲག་ལ་ཞི་བའི་ངོ་རྒོལ་གྱིས། བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། ཁོང་ཚོའི་ཤུལ་ལུས་ཁྱིམ་མི་གཉེན་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་རྒྱ་ཆེན་པོ་གནང་སོང་།


སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་གཞུང་གིས་ཡོ་རོབ་ཁུལ་དུ་ཆེད་གཏོང་བྱས་པའི་སྐུ་ཚབ་ཀྱིས་ཉིན་ཤས་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ལ་བོད་མིའི་རང་ལུས་མེར་སྲེག་གི་འབྱུང་རྐྱེན་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་བཟོས་བཞག་པ་ལས། བོད་ནང་དུ་ཆོས་ལུགས་དང་སྐད་ཡིག་གི་རང་དབང་ཆ་ཚང་ཡོད་ཚུལ་གྱི་འཁྱོག་བརྗོད་བྱས་པར། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨེ་ཊེ་ཝོར་ཊི་མེལ་ཀི་མེལ་ལེན་སི་ཀོར་ཌི་(Edward McMillan-Scott )མཆོག་གིས་ལན་འདེབས་གནང་བ་ཞིག་འགྲེལ་བརྗོད་གནང་དོན། རྒྱ་གཞུང་གི་ཧམ་བཤད་དང་རྫུན་གཏམ་དེར་ང་ཚོས་ལན་འདེབས་བྱེད་མ་དགོས་པར། ཉེ་ཆར་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨེ་ཊེ་ཝོར་ཊི་མེལ་ཀི་མེལ་སི་ཀོར་ཌི་མཆོག་གིས། རྒྱ་གཞུང་གི་སྐུ་ཚབ་ཀྱིས་གསུངས་བ་དེ་བདེན་པ་མ་རེད། བོད་མི་ཚོར་ཆོས་དད་རང་དབང་མེད་པ་དང་བོད་ཡིག་བོད་སྐད་བེད་སྤྱོད་གཏོང་ཆོག་གི་མེད་པ་དེ་གསར་འགྱུར་བརྒྱུད་ལམ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཁུངས་ལྡན་གནས་ཚུལ་གསལ་བོ་བཟོས་ཡོད་པ་ཤེས་ཀྱི་ཡོད།  བོད་དེ་བཙོན་ཁང་ལྟ་བུ་ཆགས་ཡོད་པ་གསལ་བོ་ཤེས་ཀྱི་ཡོད། གལ་ཏེ་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་གསུངས་བ་དེ་དངོས་ཡོད་གནས་སྟངས་དང་ཁུངས་ལྡན་བྱ་འདོད་ཡོད་ཚེ། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོ་བོད་ནང་དུ་དངོས་སུ་སོང་ནས་ཞིབ་འཇུག་བྱེད་དགོས་ཀྱི་ཡོད། ཞིབ་འཇུག་བྱེད་སྐབས་རྒྱ་ནག་གི་དམག་མི་ཚོས་ནམ་རྒྱུན་ལྟར་སྲུང་སྐྱོབ་ཀྱི་རྣམ་པའི་ཐོག་ནས་དམ་དྲག་བྱས་ན་འགྲིག་གི་མ་རེད། གལ་སྲིད་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་གསུངས་པ་དེ་བདེན་པ་ཡིན་ན། ཡོ་རོབ་ཀྱི་སྐུ་ཚབ་རྣམ་པ་འགྲོ་འདོད་ཡོད་ལ། ཞིབ་འཇུག་བྱ་འདོད་ཡོད་པས། ང་ཚོ་བོད་ནང་དུ་གཏོང་དགོས་ཀྱི་ཡོད་ཅེས་གསལ་བོ་གསུངས་འདུག ཅེས་དང་།

ཁོང་གིས་མུ་མཐུད་དུ་གསུངས་རྒྱུར། རྒྱ་གཞུང་གི་ཐོག་ནས་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་གང་འཚམ་སྟོབས་ཤུགས་ཆེན་པོ་ཆགས་ཡོད་པས། ཁོ་རང་ཚོའི་ཧམ་བཤད་དེ་བདེན་པ་ཡིན་པས་ཁྱབ་པར་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། གཙོ་ཆེ་ཤོས་བོད་ནང་དུ་ཡོད་པའི་བོད་མི་ཚོས་སྐུ་ལས་སྐྱོན་པ་དང་བློས་གཏོང་གནང་བ། དེ་བཞིན་བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་དང་མི་མང་། རྒྱབ་སྐྱོར་གནང་མཁན་ཚང་མས་སྐུ་ལས་སྐྱོན་ནས་བདེན་པ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གསལ་བོ་བཟོ་རྒྱུར་འབད་བརྩོན་རབས་དང་རིམ་པ་གནང་དང་གནང་བཞིན་པ་རེད་ལ། དེ་ལྟར་གནང་བ་ལ་བརྟེན་ནས་ཡོ་རོབ་ནང་དུ་རྒྱ་ནག་གི་སྐུ་ཚབ་ཀྱིས་འཁྱོག་བརྗོད་ལ་ང་རང་ཚོའི་ངོས་ནས་ལན་འདེབས་གནང་བ་ཙམ་དུ་མ་ཟད། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པས་ཀྱང་ལམ་སང་ལན་འདེབས་གནང་བའི་གནས་ཚུལ་བྱུང་འདུག་ཅེས་སོགས་གསུངས་སོང་།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།