ནོར་གླིང་དུ་ས་གནས་འགོ་འཛིན་ཡན་ལག་ལས་ཁང་ཤིག་སྒོ་ཕྱེས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢༣ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༠པའི་ཐོག་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་སི་དྷི་པུར་ས་གནས་ནོར་བུ་གླིང་ཁ་རུ་༼དྷ་ས་ས་གནས་འགོ་འཛིན་ཡན་ལག་ལས་ཁང་༽ཞིག་གསར་འཛུགས་དབུ་འབྱེད་གནང་སོང་།

དབུ་འབྱེད་མཛད་སྒོ་ཐོག་དྷ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་དང་། དབུས་འོས་བསྡུའི་འགན་འཛིན་ལས་རོགས་དང་བཙུན་དགོན་སྒྲོལ་མ་གླིང་གི་དགེ་རྒན་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས། བོད་མི་མང་སྤྱི་འཐུས་ཟུར་པ་དང་སྙིང་སྟོབས་གླིང་གི་འགན་འཛིན་ངག་དབང་ལྷ་མོ་ལགས། སི་དྷི་པུར་ས་གནས་རྒྱ་གར་ཡུལ་མི་གནད་ཡོད་མི་སྣ་ལྕམ་སྐུ་Usha Sharma ཨུ་ཤཱ་ཤར་མ། དེ་བཞིན་དཔལ་ལྡན་བརྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་དང་། དབུས་སྣེ་ལེན་ཁང་དང་ཉེ་འཁོར་དགོན་སྡེ་དང་ཚོགས་པ་ཁག་གི་སྐུ་ཚབ། ནོར་གླིང་གནས་སྡོད་བོད་མི་བཅས་ཁྱོན་མི་གྲངས་༡༥༠ཙམ་འདུ་འཛོམས་བྱས་འདུག

ནོར་གླིང་དུ་དྷ་ས་ས་གནས་འགོ་འཛིན་ཡན་ལག་ལས་ཁང་འདི་འདྲ་ཞིག་བཙུགས་དགོས་པའི་དམིགས་ཡུལ་ནི། ནོར་གླིང་སོགས་སུ་གནས་སྡོད་བོད་མི་རྣམས་ས་གནས་འགོ་འཛིན་ལས་ཁང་ནས་རྒྱབ་གཉེར་སོགས་ཞུ་དགོས་བྱུང་ཚེ། ལས་ཀ་སོགས་ནས་དགོང་པ་ཞུས་ནས་དྷ་ས་མེག་གྷན་དུ་ཡོང་དགོས་པ་མ་ཟད། སྐབས་རེ་བདེ་དོན་སྐུ་ངོ་མེད་པ་དང་སྟབས་ཁེལ་ནས་ཐག་རིང་ནས་ཐེངས་༢དང་༣རེ་ཡོང་དགོས་ཀྱི་ཡོད་པ་སོགས་ཀྱིས་དཀའ་ངལ་མང་པོ་ཞིག་ཡོད་པར་བརྟེན་ནས་གསར་འཛུགས་བྱས་པ་ཞིག་རེད་འདུག

ས་གནས་འགོ་འཛིན་ཡན་ལག་ལས་ཁུངས་འདིའི་ཁྱབ་ཁོངས་ནོར་གླིང་དང་། འཆི་མེད་དགའ་ཚལ་གླིང་། སྙིང་སྟོབས་གླིང་། ཤེས་རབས་དགའ་ཚལ་སློབ་གླིང་། བཙུན་དགོན་སྒྲོལ་མ་གླིང་། རྒྱུད་སྟོད་གྲྭ་ཚང་། ཅལ་མུ་ཌ། གྷོ་པ་ཕུལ་བོད་ཁྱིམ་སོགས་ཡོད་འདུག་དང་། ས་གནས་ཁག་འདི་དག་ལ་ཁྱོན་གནས་སྡོད་བྱེད་མཁན་བོད་མི་༥༠༠༠ཙམ་ཡོད་འདུག་པ་དང་། ནོར་གླིང་གཅིག་པུར་གནས་སྡོད་བྱེད་མཁན་ཁྱོན་བོད་མི་༢༠༠༠ཙམ་ཡོད་པ་རེད།

ས་གནས་འགོ་འཛིན་ཡན་ལག་ལས་ཁང་འདི་ནས་ Exit permission ཕྱིར་ཐོན་ཆོག་མཆན་དང་། Clarify དག་སེལ་རྒྱབ་གཉེར་ཕུད། གཞན་དངུལ་ཁང་ཁ་བྱང་སྒོ་ཕྱེ་བ་དང་། གཉེར་སྒྲིག་འཛིན་ཡིག རླངས་འཁོར་གཏོང་ཆོག་པའི་ལག་འཁྱེར་སོགས་ཀྱི་རྒྱབ་གཉེར་ཡན་ལག་ཁང་འདི་ནས་བླངས་ཆོག་གི་ཡོད་འདུག

ཡན་ལག་ལས་ཁང་འདིའི་ལས་དུས་ནི་རེས་གཟའ་ལྷག་པ་ནམ་ཡིན་ལ་དྷ་ས་ས་གནས་སྐུ་ངོ་དང་། ཡང་ན་ལས་བྱེད་གང་རུང་ཞིག་ཡོང་ནས་ཞོགས་པའི་ཆུ་ཚོད་༩།༠༠ པ་ནས། དགོང་མོར་ཆུ་ཚོད་༥།༠༠ བར་ཕྱག་ལས་གནང་རྒྱུ་རེད་འདུག་ལ། གལ་སྲིད་རེས་གཟའ་ལྷག་པའི་ཉིན་དམིགས་བསལ་དུས་ཆེན་སོགས་ཀྱིས་དགོང་སེང་དང་སྟབས་ཁེལ་ཡོད་ཚེ་དེའི་ཚབ་ཏུ་རེས་གཟའ་ཕུར་བུ་ཉིན་ཕྱག་ལས་གནང་རྒྱུ་རེད་འདུག

དྷ་ས་ས་གནས་ཡན་ལག་ལས་ཁང་འདི་ནི་ནོར་གླིང་སོགས་ཉེ་འགྲམ་དུ་གནས་སྡོད་བྱེད་མཁན་བོད་མི་རྣམས་ཀྱི་ཕྲལ་སེལ་དཀའ་ངལ་སེལ་ཆེད་ཞིག་རེད་འདུག་པ་དང་། སྤྱིར་མི་འབོར་ལ་གཞིགས་པའི་འབྲེལ་མཐུད་ཁང་ཞིག་དགོས་ངེས་ཡིན་ཡང་། འབྲེལ་མཐུད་ཁང་ཞིག་བཙུགས་པར་ངེས་པར་དུ་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ནས་གྲོས་མཐུན་ཆོག་མཆན་ཐོབ་དགོས་པ་ཞིག་ཡིན་ལུགས་དྷ་ས་ས་གནས་འགོ་འཛིན་སྐུ་ངོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་འབྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།