བདེ་སྐྱིད་གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་དེ་ཆགས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢༢ཉིན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་ནང་པའི་ལྟ་གྲུབ་དང་ཚན་རིག་དབར་གྱི་བགྲོ་གླེང་གི་ཉིན་མཐའ་མར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཧི་མ་ལའི་རི་བརྒྱུད་སོགས་ནང་པ་སྤྱི་དང་ཁྱད་པར་གངས་ཅན་ལྗོངས་ཀྱི་སྤྱི་བོ་གནམ་ལ་བསྟན་ཡོངས་ལ་བཀའ་སློབ་དང་གསུང་འཕྲིན་འདི་ལྟར་ཞིག་གནང་སོང་།

དེ་རིང་འདིར་ངས་ཞུ་ཡ་གཙོ་བོ་དེ་བོད་རིགས་སྤྱི་ཡོངས་དང་ལྷག་པར་དུ་གཞིས་ལུས་རྒྱ་ཆེ་མི་མང་། དེ་བཞིན་དུ་ནང་ཆོས་ལ་དོ་སྣང་ཡོད་མཁན། རྒྱ་ནག་ནང་ལའང་མི་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་ཡོང་གིན་ཡོད་པ་རེད།

དེར་བརྟེན་དེ་རིང་འདི་ནས་ཚིག་ཁ་ཤས་ཤིག་ཞུ་སྙིང་འདོད་བྱུང་། ང་ཚོ་འདིར་དུས་རབས་༢༡པའི་ནང་སླེབས་བསྡད་ཡོད་པ་རེད། ཕྱིའི་དངོས་པོ་ཡར་རྒྱས་ཧ་ལས་པའི་འགྲོ་དང་འགྲོ་བཞིན་པ་རེད། འགྲོ་དགོས་ཡ་ཤིག་ཀྱང་ཆགས་བསྡད་ཡོད་པ་རེད། ང་ཚོ་འཛམ་བུ་གླིང་བུ་འདིའི་སྒང་ལ་ད་དུའང་དབུལ་ཕོངས་མང་པོ་ཡོད་པ་རེད། དབུལ་ཕྱུག་གི་ཁྱད་པ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད་དུས་དངོས་པོའི་ཡར་རྒྱས་ད་དུངའང་འགྲོ་དགོས་ངེས་ཤིག་ཆགས་འདུག

འོན་ཀྱང་འཛམ་བུ་གླིང་འདིའི་སྒང་ལ་དངོས་པོའི་ཡར་རྒྱས་འགོ་འདྲ་ཤིག་ཚུགས་ཡོང་དུས། རིམ་པར་རིམ་པར་མིའི་མི་ཚེ་དངོས་པོའི་ཡར་རྒྱས་ཁོ་ནའི་དབང་དུ་བཏང་བ་ཞིག་དང་། འོན་ཀྱང་ང་ཚོའི་བདེ་སྐྱིད་ཀྱི་མྱོང་ཚོར་དེ་དངོས་པོའི་ཡར་རྒྱས་ཁོ་ནས་འགྲུབ་ཀྱི་རེད་དམ་ཟེར་ན། དེ་འགྲུབ་ཡ་མེད་པ་ཧ་ཅང་གསལ་པོ་རེད། ད་ལྟ་དངོས་པོ་ཡར་རྒྱས་ཕྱིན་ཡོད་པའི་ཡུལ་གྲུ་ཚོ་ནང་ལ་གསལ་པོ་མཐོང་ཐུབ་པ་ཞིག་ལ། འབྱོར་ལྡན་དངོས་པོའི་ཐོག་ནས་མཐུན་རྐྱེན་ལག་མི་ཐོག་པ་ཡོད་མཁན་མང་པོ་ཞིག སེམས་མི་སྐྱིད་པ་དང་། དེ་བཞིན་སྙན་གྲགས་ཡོད་པ་མང་པོ་ཞིག་ཐ་ན་རང་ཤི་རྒྱག་པའི་གནས་ཚུལ་དེ་འདྲ་ཡོང་གིན་འདུག་ཨ། སེམས་འཁྲུག་པའི་སྐབས་སུ་སེམས་ཞི་བདེ་ཡོང་བར་རྫས་རིགས་འདྲ་མིན་བེད་སྤྱོད་བྱེད་ཡ་དེ་འདྲ་མང་པོ་ཡོང་གིན་ཡོད་པ་རེད།

དེ་རིང་ཁ་སང་ཚན་རིག་པའི་ནང་ནས་ཀྱང་མིའི་འཕྲོད་བསྟེན་སྐོར་དང་། ལྷག་པར་དུ་ཀླད་པའི་ཚན་རིག་མཁས་པ་དེ་ཚོས་རིམ་པར་ངེས་པར་རྙེད་པ་དང་། དངོས་སུ་རྟགས་དཔྱད་ཞིབ་འཇུག་བྱས་པའི་འབྲས་བུ་ལ་མིའི་བདེ་སྐྱིད་ཀྱི་རྩ་བ་ཐུག་ས་དེ་སེམས་ཀྱི་བདེ་སྐྱིད་ལ་ཐུག་ཡོད་པ་དང་། སེམས་ལ་བདེ་སྐྱིད་དང་སེམས་ལ་ཞི་བདེ་ཞིག་ཡོད་པ་ཡིན་ན་ལུས་པོར་བདེ་ཐང་ཡོང་བ་དང་། མི་ཚེ་རིང་པོ་ཡོང་བ། ནད་ན་ཚ་སྔོག་འགོག་གི་རྒྱུ་རྐྱེན་གཙོ་བོ་ཞིག་སེམས་ལྷོད་ལྷོད་དང་ཞི་བདེ་དགོས་ཀྱི་ཡོད་པ་ངེས་པར་རྙེད་ཡོད། དེར་བརྟེན་ཚན་རིག་པ་མང་པོ་ཞིག་གིས་མི་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེ་ཟེར་བ་དེ་དངོས་གནས་རང་མི་ཚེ་གཅིག་གི་ནང་། འགོ་ཚུགས་པ་དེ་ཡང་བྱམས་བརྩེ་ཞིག་གི་སྒང་ནས་འགོ་ཚུགས་པ་རེད་ལ། གང་ལྟར་མི་ཚེ་གང་པོ་བྱམས་བརྩེ་ཟེར་བ་དེ་ཡོད་པ་ཡིན་ན། མི་དེར་སྐྱིད་པ་ཡོད་པ་ཞིག་ཚན་རིག་པ་མང་པོ་ཞིག་གིས་ཀྱང་ངོ་འཕྲོད་ནས་ར་སྤྲོད་ཡོང་གིན་འདུག་ཨ།

དེ་འདྲའི་གནས་ཚུལ་ཞིག་ཆགས་ཡོང་དུས་སྤྱིར་འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་ལྟ་གྲུབ་ཡོད་མཁན་ཚང་མས་བྱམས་པ་དང་བརྩེ་བ་ཟེར་བ་དེ་བསླབ་བྱའི་སྙིང་པོ་ཆགས་ཡོད་པ་རེད། ལྷག་པར་དུ་སངས་རྒྱས་པའི་གཞུང་ནས་བྱམས་པ་དང་བརྩེ་བ་བསླབ་བྱ་གཙོ་བོ་ཡིན་པ་ཙམ་མ་ཟད། བྱམས་པ་དང་བརྩེ་བ་དགོས་པའི་རྒྱུ་མཚན་ལྟ་གྲུབ་གཏིང་ཟབ་མོ་ཞིག་གི་སྒང་ནས་འགྲེལ་བཤད་རྒྱག་གི་ཡོད་པ་རེད། དེར་བརྟེན་ཚན་རིག་པ་དང་ཚོ་དང་ནང་པའི་ལྟ་གྲུབ་སྙིང་པོ་དེའི་ཐོག་ནས་ཕར་ཚུར་བགྲོ་གླེང་བྱས་ཡོང་དུས་ཚན་རིག་པ་ཚོར་ལའང་ཞེ་དྲག་ཕན་ཐོགས་ཡོད་པ་ཞིག

ཡང་ང་རང་ཚོ་ནང་པ་སངས་རྒྱས་པ་ཚོར་ཆགས་བཞག་ནའང་གཞི་དངོས་པའི་གནས་ཚུལ་གཏན་ལ་ཕབ་ཡོང་དུས་ནང་བཅུད་ཀྱི་འཇིག་རྟེན་གྱི་སེམས་ཁམས་རིག་པ་བཤད་པ་དང་ཆབས་ཅིག ནང་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་དེ་ཚོ་ཡང་གཏན་ལ་ཕབ་པའི་ནང་པའི་གཞུང་ནང་གསུངས་ཡོད་པ་རེད། དེར་བརྟེན་དངོས་ཁམས་རིག་པ་དང་སེམས་ཁམས་རིག་པ་གཉིས་ཀ་ནང་པའི་གཞུང་ནང་གསུངས་ཡོད་པ་རེད།

དངོས་ཁམས་རིག་པའི་སྐོར་ལ་ཚན་རིག་པའི་ཐོག་ནས་ཞིབ་འཇུགས་དང་བརྡར་ཤ་བཅད་ནས་སྒྲུབ་དོན་གཏན་ལ་ཕབ་པ་མང་པོ་ཞིག་ནང་པ་སངས་རྒྱས་པའི་ལྟ་གྲུབ་སྦྱངས་མཁན་ཞིག་གི་ངོས་ནས་བཤད་ནའང་དེ་དག་དགོས་མཁོ་ཡོད་པ་ཞིག་དང་། ཕན་ཐོགས་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོས་ཚན་རིག་པ་དེ་དག་དང་བགྲོ་གླེང་བྱེད་པའི་ཚོགས་འདུ་དེ་འདྲ་འདས་པའི་ཧ་ལམ་ལོ་༣༠མ་ཟིན་ཙམ་ཞིག་གི་རིང་ལ་ཚོགས་པ་རེད།

རིམ་པར་རིམ་པར་གཙོ་ཆེ་ཤོས་ཚན་རིག་པའི་ནང་ནས་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་སྔོན་ཨ་རི་དང་ཡོ་རོབ་དེ་དག་དང་དེ་རིང་ཁ་སང་ཨེ་ཤ་ཡ་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་རིང་འདིར་བོད་གངས་ཅན་གྱི་ལྗོངས་ནས་སྔར་ནས་གངས་ཅན་ལྗོངས་ཀྱི་ན་ལན་ཌ་ཞེས་གསུང་སྲོལ་ཡོད་པའི་དཔལ་ལྡན་འབྲས་སྒར་སྤུངས་པའི་གདན་ས་འདི་རུ་དེ་རིང་བགྲོ་གླེང་འདི་འདྲ་ཞིག་ཚོགས་ཐུབ་པ་རེད། ཉིན་ཤས་རིང་ལ་ཚན་རིག་པ་མང་པོ་ཞིག་ངལ་བ་ཁྱད་བསད་ཀྱིས་འདིར་ཕེབས་ནས་བགྲོ་གླེང་གནང་བ་དེ་དག་ལ་འཁུར་བཞེས་སོང་།

དེ་དང་ཆབས་ཅིག་སློབ་གཉེར་བའི་ནང་ནས་ཀྱང་ཚན་རིག་གི་སྡེ་ཚན་འདྲ་མིན་ནས་འགྲེལ་བཤད་དེ་དག་ལ་ཐུགས་སྣང་ཆེན་པོ་གནང་ནས་བློ་སྐྱེད་ལེན་ཡ་དང་། ཕར་ཚུར་དཔྱད་སྡུར་བྱེད་པར་དོ་སྣང་ཆེན་པོ་གནང་སོང་། ཞེ་དྲག་ཡག་པོ་བྱུང་སོང་། ད་དུང་མུ་མཐུད་ནས་ཡར་རྒྱས་ཤིག་གཏན་གཏན་འགྲོ་ངེས་རེད།

དེས་ག་རེ་མཚོན་གྱོ་ཡོད་པ་རེད་ཟེར་ན། ཕྱོགས་གཅིག་ནས་སངས་རྒྱས་ཀྱི་ཆོས་ཚུལ་སྤྱི་དང་ལྷག་པར་དུ་དཔལ་ན་ལན་ཌའི་ནས་བརྒྱུད་པའི་ཆོས་ཚུལ་དེ་དངོས་ཡོད་གནས་ཚུལ་ཞིབ་འཇུག་བྱེད་ནས་གཏན་ལ་ཕབ་པ་དེ་འདྲ་ཞིག་གི་སྒང་ལ་ཉམས་ལེན་བྱེད་ཡ་དང་། དེ་བཅོམ་ལྡན་འདས་རང་ཉིད་ཀྱིས་བཀའ་གནང་བ་ཞིག་ལ། དགེ་སློང་དག་གམ་མཁས་རྣམས་ཀྱིས། སྲེག་བཅད་བརྡར་ལ་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླངས་བ་བྱ་བའི་གུས་ཕྱིར་མིན། ཞེས་ཞེ་ས་མ་ཞུས་ན་བཅོམ་ལྡན་འདས་རང་ཉིད་ཀྱི་སྤོབས་པ་ཆེན་པོའི་སྒོ་ནས་ཁོང་གིས་ལམ་སྟོན་གནང་བ་དེ་དག་དད་པ་དང་། ཡིད་ཆེས། བརྩི་བཀུར་གྱི་ཐོག་ནས་ཡིད་ཆེས་བྱེད་དགོས་ཡོད་པ་མ་རེད། ཁས་ལེན་བྱེད་དགོས་མ་རེད། ཁོང་གིས་གསུངས་པའི་གནད་འགག་དེ་ཚོ་ཞིབ་འཇུག་བྱེད་ནས། དཔྱད་པ་བྱས་ནས། བརྟག་དཔྱད་བྱས་ནས། ཚོད་ལྟ་བྱས་ནས། རྒྱུ་མཚན་ལྡན་པ་དང་། བརྟག་དཔྱད་བྱས་ནས་ར་འཕྲོད་པ་ཡོང་གི་འདུག་ན་དེར་ཡིད་ཆེས་བྱོས་ཞེས་བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ཡིན་གསུངས་ཡོད་པ་རེད།

དེར་བརྟེན་སྤྱིར་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དང་ལྷག་པར་དུ་དཔལ་ན་ལན་ཌའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་དེ་རྒྱུ་མཚན་ལྡན་པ་ཞིག་དགོས་ཀྱི་ཡོད་སྟབས་དེ་རིང་ཁ་སང་ཚན་རིག་པ་དེ་ཚོ་དང་མཉམ་དུ་བགྲོ་གླེང་བྱས་དུས། ཧ་ལམ་འདྲ་མཉམ་གྱི་ཐོག་ནས་གྲོས་སྡུར་བྱ་རྒྱུ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད།

དེ་འདྲའི་ཆོས་ཚུལ་ཞིག་ང་ཚོ་བོད་པ་ཞིག་གི་ངོས་ནས་བཤད་ན། ང་ཚོ་བོད་མི་རིགས་ཀྱི་སྔར་གྱི་རླབས་ཆེན་མེས་པོ་དེ་དག་གིས་དཀའ་ལས་ཆེན་པོ་བརྒྱབ་ནས་དེ་འདྲ་ཞིག་རྒྱ་གར་འཕགས་པའི་ཡུལ་ནས་ཚུར་གདན་དྲངས་བ་རེད། དེ་དག་ཀྱང་ལོ་སྟོང་ཕྲག་གི་རིང་ལ་རྒྱུན་འཛིན་བྱས་ནས་དུས་ད་ལྟ་བར་དུ་ཡོད་པ་དེ་ང་ཚོ་བོད་མི་རིགས་ཤིག་གི་ངོས་ནས་བཤད་ན་སྤོབས་པ་རྙེད་ཡ་ཞིག་དང་། འཛམ་བུ་གླིང་འདིའི་སྒང་ལ་དེ་རིང་ཁ་སང་ཚན་རིག་པ་ཞེས་ལབ་ན་རྣམ་དཔྱོད་ཀྱི་རྩལ་མཐོ་ཤོས་ཀྱི་གྲས། དངོས་ཡོད་གནས་ཚུལ་བདེན་དོན་རྩོད་མཁན་ཞིག་ལ་བརྩི་བཞིན་ཡོད་པ་རེད། ལྷག་པར་ཤེས་ཡོན་ཅན་ནང་ནས་དེ་འདྲ་ཞིག་མཐོང་གིན་ཡོད་པ་རེད། དེ་དག་མཉམ་དུ་ང་ཚོ་གཉིས་ཕན་ཡོང་བར་ང་ཚོར་སྤོབས་པ་ཡོད་པ་ཞིག་ཆགས་ཡོང་དུས་ཕྱོགས་གཅིག་ནས་སངས་རྒྱས་ཀྱི་ཆོས་ཡང་དགོས་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་རླབས་ཆེན་ཞིག་ཡིན་པ་ར་འཕྲོད་ཡོང་གིན་འདུག

དེ་དང་ཆབས་ཅིག་ང་རང་ཚོའི་བོད་པའི་སྐད་ཡིག་དེའང་སེམས་ཁམས་རིག་པའི་རྣམ་གཞག་དང་ལྟ་གྲུབ་གཏིང་རིང་པོ་གཏིང་ཟབ་མོ་ཞིག་བཤད་ཡོང་དུས་བོད་ཡིག་ནང་གི་མིང་ཚིག་དེ་ཕྱུག་ཤོས་དང་། ལེགས་སྦྱར་གྱི་ཐོག་མའི་ཚིག་དེ་དང་ཏག་ཏག་འགྲོ་ཐུབ་མཁན་ཞིག་ཆགས་ཡོད་པ་རེད། ཕར་ཆེར་ནང་ཆོས་ཀྱི་ལྟ་གྲུབ་དང་སེམས་ཁམས་རིག་པའི་ཐོག་འགྲེལ་བཤད་རྒྱག་དགོས་ན་བོད་སྐད་དེ་ཡག་ཤོས་ཤིག་ཆགས་ཡོད་པ་རེད། དེ་ང་ཚོའི་མི་རིགས་ཀྱི་སྤོབས་པ་སྐྱེ་དགོས་པ་ཞིག་ཆགས་ཡོད། དེ་སྤྱིར་ང་ཚོ་བོད་རིགས་སྤྱི་དང་དེ་བཞིན་ཧི་མ་ལའི་རི་བརྒྱུད་ཀྱི་མི་རིགས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཁྱེད་རང་ཚོས་མཁྱེན་པ་ཞིག་བྱེད་རོགས་ཞེས་ཞུ་རྒྱུ་ཡིན།

ཡང་སྒོས་ལྷག་པར་ཅན་ང་ཚོ་བོད་རིགས་གངས་ཅན་པ་ཚོས་དེ་མཁྱེན་པས་ན་སོ་སོའི་ཕ་མེས་ཀྱི་གཅེས་ནོར་དེ་ངོ་ཤེས་པ་བྱེད་ནས། དེ་ལོ་རྒྱུས་རྙིང་པའི་ལྕ་ལག་བཟོ་མིན་པར། དུས་ད་ལྟ་དུས་རབས་༢༡པའི་ནང་ནས་ཀྱང་ཉེ་བར་མཁོ་བ་ཞིག་ཡིན་པ། བདེན་དོན་ཡིན་པ། དེ་དག་མཁྱེན་པ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཆོས་དད་བྱེད་དམ་མི་བྱེད་ཟེར་བ་དེ་སོ་སོ་རང་མོས་རེད། ནང་ཆོས་ནང་གསུང་པའི་ལྟ་གྲུབ་དེ་སོ་སོའི་སྒེར་གྱི་མི་ཚེ་སྐྱེལ་བ་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན་དུས། དེ་དོ་སྣང་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།

ནམ་རྒྱུན་ངས་བོད་པ་ཙམ་མིན་པར་ཚང་མར་ཡོངས་གྲགས་བྱེད་ནས་ཤོད་སྡོད་ཀྱིན་ཡོད། ད་ང་ཚོ་དུས་རབས་༢༡པའི་ནང་པ་བྱེད་དགོས་པ་རེད། དེའི་རྒྱུ་མཚན་དང་གོ་བ་ག་རེ་རེད་ཟེར་ན། དེང་དུས་ཀྱི་དངོས་ཡོད་གནས་ཚུལ་ཆ་ཚང་རྟོགས་པ་བྱེད་ནས་དེའི་ཐོག་སངས་རྒྱས་ཀྱི་ཆོས་ཤེས་ནས་དད་པ་ཐོབ་པ་བྱེད་དགོས་པ་རེད། དེ་འདྲ་ཞིག་བྱུང་ན་དུས་རབས་༢༡པའི་ནང་པ་ཆགས་པ་རེད་ཅེས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
འདི་འདྲ་བརླབས་ཆེན་དགོངས་གཞི་ཟབ་མོས་འཇིག་རྟེན་ཀུན་ཁྱབ་གྱིས་ཕན་བདེ་སྐྲུན་བཞིན་པ་ང་ལ་ཐེ་ཚོམ་རྩ་བ་ནས་མེད་པ་ཆགས་ཐུབ་སོང་། སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་དྲིན་རེད་བསམ་པས་ཤེས་ཐུབ་སོང་། ད་རེས་སྐབས་བ་བཟང་པོ་བྱུང་སོང་། འོན་ཀྱང་དོལ་ཚོགས་ཚོས་གདན་ས་ཁག་ལ་ཚན་རིག་སློབ་ན་གནོད་སྐྱོན་ཕོག་རྒྱུ་རེད་ཟེར། ཕྲག་དོག་གི་སྐད་ཆ་ཁོ་ན་མ་གཏོགས་རྒྱུ་མཚན་ཡངས་དག་ཞིག་མ་རེད། ད་ལན་ཀརྨ་པ་ཡང་ཕེབས་མི་འདུག། ཁོང་གིས་གྲྭ་བ་རྒས་གྲས་ཞིག་གི་ལབ་ན་རྒྱལ་དབང་ཀརྨ་པ་ཁོང་ལ་ཐུགས་ཕམ་ཆེ་པོ་འདུག ག་དུས་ཡིན་ན་དགེ་ལུགས་པའི་ནང་དུ་མ་གཏོགས་བཀའ་རྒྱུད་དགོན་པ་ཡོད་ས་རྣམས་ལ་འགྲོ་མི་ཆོག་འདུག་ཟེར། དཔེ་ན་གོང་མའི་གདན་ས་རུམ་བཏེགས་དང་ཉེར་འགྲམ་ཤེས་རབ་གླིང་སོགས་ཕེབས་ཆོག་གི་མི་འདུག ཉེས་པ་ག་རེ་བསགས་པ་ཡིན་མིན་ངས་ཧ་གོ་མ་སོང་ཟེར། ང་ནི་ཧ་ལེས་པ་ལྟ་བུར་ཆགས་སོང་། རྒྱུ་མཚན་གསལ་པོ་ཤེས་མཁན་འདྲ་ཡོད་ན་གསུངས་རོགས་ཞུ། ཕྲིན་ལས་རྒྱ་མཚོ།



བརྗོད་གཞི་གཞན་ཁག་ལ་གཟིགས།