དབུ་མའི་ལམ་གྱི་དཀའ་ངལ་ཆེ་ཤོས་དེ་ག་རེ་ཡིན་པ་ཤེས་དགོས་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༩ཉིན། དེ་རིང་ཕྱི་དྲོ་ཆུ་ཚོད་༣པའི་ཐོག་དྷ་ས་ཉིན་སློབ་ཚོགས་ཁང་ནང་དྷ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་འོག བགྲོ་གླེང་བ་མི་༣གདན་འདྲེན་གྱིས་དམིགས་བསལ་བགྲོ་གླེང་ཞིག་ཚོགས་སོང་།

བགྲོ་གླེང་ཐོག་བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་༼ད་ང་ཚོས་ག་རེ་བྱེད་དགོས།༽ཅེས་པའི་གསུང་བཤད། ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་སྨན་ཤེར་བློ་གྲོས་ལགས་ཀྱི་༼གྲོས་མོལ་དང་ལོ་རྒྱུས་ཀྱི་ཁོར་ཡུག༽ཅེས་པའི་ཐོག་གསུང་བཤད། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་༼རྒྱ་གཞུང་གིས་འཛུགས་བསྐྲུན་བརྒྱུད་ནས་བོད་ནང་བཙན་འཛུལ་༽ཞེས་པའི་བརྗོད་གཞི་བཅས་ཀྱི་ཐོག་གསུང་བཤད་གནང་སོང་། བཀའ་ཤག་གི་དྲུང་འཕར་ཚེ་རིང་དབང་ཕྱུག་ལགས་ཀྱིས་༼བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ་དང་གནས་བབ་༽ཅེས་པའི་ཐོག་གསུང་བཤད་གནང་འཆར་ཡང་དངོས་སུ་ཁོང་ཕེབས་ཐུབ་མི་འདུག

ཐོག་མར་དྷ་ས་དབུས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་སེར་སྨད་བློ་དགའ་ལགས་ནས་རྒྱལ་ཡོངས་མང་གཙོ་ཚོགས་པའི་བྱུང་རིམ་དང་། ངོ་བོ། ལས་དོན་བཅས་ངོ་སྤྲོད་བ་དང་། སྐབས་དེར་བགྲོ་གླེང་བ་ཀླུ་མཁར་བྱམས་ལགས་ཀྱིས། དེ་རིང་འདིར་སྡིངས་ཆ་གཅིག་གི་སྒང་ལ་བསྟན་འཛིན་ཉིན་བྱེད་ལགས་དང་། སྨན་ཤེར་བློ་གྲོས་ལགས་ཁོང་གཉིས་ཉམས་ཞིབ་པ་གསར་པ་རེད། དེར་བརྟེན་དགའ་པོ་བྱུང་སོང་། ང་ཚོའི་སྤྱི་ཚོགས་ནང་མི་ལ་གོ་སྐབས་དགོས་པ་རེད། སྤྱི་ཚོགས་ཀྱིས་མི་སྐྱེ་སྲེང་བྱེད་དགོས་ཀྱི་ཡོད་པ་རེད། ང་ཚོ་འདྲ་པོ་ཞིག་གིས་ཤེས་རུང་མི་ཤེས་རུང་ད་ལྟ་བར་དུ་སྤྱི་ཚོགས་ཤིག་གིས་གོ་སྐབས་དང་སྡིང་ཆ་སྤྲད་པ་དང་། སོ་སོས་ཨུ་ཚུགས་དང་འབད་བརྩོན་བྱས་ནས་ཡར་རྒྱས་ཟེར་ན་མི་འདུག་དེ་ལྟར་ཕྱིན་པ་རེད།

དེ་རིང་གི་སྡིངས་ཆ་འདིའི་ཐོག་ཚེ་རིང་དབང་ཕྱུག་ལགས་ཁ་སང་ཕེབས་རྒྱུ་བྱས་ཀྱང་དེ་རིང་ཕེབས་ཐུབ་མ་སོང་ཟེར། ཁ་སང་དྷ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བསང་ཆུ་འབྲུག་བྷེ་ལགས་ངའི་རྩར་ཡོང་ནས་ག་རེ་བྱེད་དགོས་པ་རེད་ཟེར་དུས་ངས་རྒན་ཕེབས་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ཤོད་རྒྱུ་བྱུང་། རྒན་ཕེབས་མ་ཐུབ་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། གཞུང་འབྲེལ་ཐོག་འགྲོ་ཆོག་གི་མ་རེད། ཆབ་སྲིད་ཤོད་སར་འགྲོ་ཆོག་གི་མ་རེད་ཅེས་བཀའ་གཏོང་གིན་འདུག་ཟེར། གཅིག་བྱས་ན་ཡིན་སྲིད་ཀྱི་རེད། ངས་ཧ་གོ་བ་ཞིག་ལ། ཁ་སང་རྒན་ཚེ་རིང་དབང་ཕྱུག་ལགས་དང་དེ་བཞིན་བོད་གཞུང་གི་ལས་བྱེད་སྐོར་ཞིག་ཨོ་སི་ཊོ་ལི་ཡའི་ནང་རྒྱ་མིས་གོ་སྒྲིག་བྱས་པའི་བགྲོ་གླེང་ཞིག་གི་ཐོག་འགྲོ་ཆོག་གི་འདུག

བོད་པས་བོད་པའི་ནང་སྐད་ཆ་ཤོད་སར་ཡོང་མི་ཆོག་པའི་རྒྱུ་མཚན་ག་རེ་རེད། ང་ཚོའི་གཞུང་གིས་སོ་སོའི་མི་ལ་གདོང་པ་སྟོན་མི་ཆོག་པ་དང་སྟོན་མི་ཕོད་པའི་ཞེད་སྣང་ག་རེ་ཡོད་པ་རེད། ཡང་ན་སོ་སོ་ནང་ཁུལ་ལ་གསང་དགོས་པ་དང་སྦས་དགོས་པ་ག་རེ་ཡོད་པ་རེད། དེ་ཚོ་གཞུང་ཞིག་གི་ངོས་ནས་ངས་བསམ་བློ་བཏང་བ་ཡིན་ན་ཡག་པོ་མ་རེད་བསམས་ཀྱི་འདུག་ཅེས་གསུངས་སོང་།

ཡང་ཁོང་གིས་ངའི་བརྗོད་གཞི་དེ་༼ད་ང་ཚོས་ག་རེ་བྱེད་དགོས་པ་རེད་༽ཟེར་བ་དེ་རེད། སྤྱིར་ཆབ་སྲིད་ཐོག་བཤད་པ་ཡིན་ན། གལ་ཆེ་ཤོས་དེ་མི་ལ་ཁྱོད་ཀྱིས་འདི་བྱོས་འདི་བྱོས་ཞེས་གོ་སྒྲིག་བྱེད་ཐུབ་དགོས་ཀྱི་ཡོད་པ་རེད། དེ་ཆབ་སྲིད་ཀྱི་སྒང་ལ་ལས་ཀ་ཡག་ཤོས་བརྩི་དགོས་པ་རེད། དེ་མ་ཐུབ་ནའང་ང་ཚོས་ག་རེ་བྱེད་དགོས་པ་རེད་ཟེར་ན། མིས་ག་རེ་ལབ་པ་ཡིན་ནའང་དེ་དང་ལེན་མི་བྱེད་པ་དེ་ཆབ་སྲིད་འཐབ་རྩོད་ཀྱི་སྒང་ནས་གལ་ཆེན་པོ་རེད། དེར་འཐབ་རྩོད་ཟེར། མིས་ལབ་པ་ཆ་ཚང་ཉན་པ་ཡིན་ན་བར་དེ་འགྲོ་ས་རག་གི་མ་རེད།

ད་ལྟ་བོད་ནང་རང་ལུས་མེར་སྲེག་བཏང་མཁན་མི་༩༨འདི་ལྟར་ཕྱིན་ཚར་བ་རེད། དེ་བཞིན་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་དུ་བོད་མི་༤༠༠དང་༥༠༠དེ་འདྲ་ཡོད་པ་རེད། ད་ང་ཚོས་ག་རེ་བྱེད་དགོས་པ་རེད། དོན་དག་དེ་རེད། ངས་ཁྱེད་ཚོར་སྒྲུང་ཞིག་བཤད་དགོས། ཕྱི་ལོ་༡༩༥༤དང་༥༥དེ་འདྲ་ཞིག་ལ་སྔོན་མར་རྒྱ་ནག་དམར་ཤོག་དང་ཨ་རི་གཉིས་དབར་ཚོང་ཞིག་བརྒྱབ་འདུག ཚོང་དེ་ག་ཙམ་ཞིག་མ་རེད། སྐབས་དེར་ཀོ་རི་ཡ་དང་ཨ་རི་གཉིས་དབར་དམག་འཁྲུག་བྱུང་བ་དང་། རྒྱ་ནག་གིས་དེར་རོགས་པ་བྱས། དེར་བརྟེན་ཨ་རིའི་དམག་མི་དང་ཨ་རིའི་ལས་བཟོ་བ་མི་གྲངས་༣༠ཙམ་ཞིག་རྒྱ་ནག་གིས་བཟུང་འདུག དེ་འདྲའི་སྐབས་ཤིག་ལ་ཨ་རི་རུ་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་མང་པོ་ཞིག་ཀྱང་ཨ་རིའི་གཞུང་གིས་ལོག་བཅུག་གི་ཡོད་པ་མ་རེད།

གང་ལྟར་རྒྱ་ཁབ་གཉིས་དབར་གནས་ཚུལ་ཛ་དྲག་ཆགས་དུས་མི་གཏའ་མ་ཉར་བ་ལྟ་བུ་རེད། བར་དེར་ཨ་རིའི་མི་༣༠ཙམ་དེ་གློད་ཡ་དང་རྒྱ་རིགས་དེ་ཚོ་གློད་པར་ཚོང་བརྒྱབ་འདུག ཚོང་རྒྱག་མཁན་དེ་རྒྱ་ནག་གི་ཚན་རིག་པ་སྐད་གྲགས་ཅན་ཆོན་ཞའོ་སིན་ཟེར་བ་དེ་རེད། ཁོང་རྡུལ་ཕྲན་མཚོན་ཆ་བཟོ་མཁན་རྒྱ་གར་ལ་མཚོན་ན་ Dr: Abdul Kalam ཚན་རིག་མཁས་དབང་ཨབ་དྷུལ་ཀཱ་ལམ་ནང་བཞིན་རེད། མེ་ཤུགས་འཕུར་མདའ་དང་པོ་བཟོ་མཁན་དེ་ཡིན་ཟེར་གྱི་ཡོད་པ་རེད། ཚོང་རྒྱག་རྒྱུའི་གྲོས་མོལ་བྱེད་ས་དེ་སུད་སིའི་གྲོང་ཁྱེར་ཇི་ནིང་ཝ་རེད། སྐབས་དེར་ཐེངས་༤དང་༥ཙམ་ཞིག་གྲོས་མོལ་བྱས་ནས་ད་གཟོད་མི་ཚོང་དེ་བརྒྱབ་པ་རེད། ཆབ་སྲིད་ཀྱི་དབང་ཆ་ཡོད་མཁན་ཞིག་གིས་ཚོང་དེ་འདྲ་བརྒྱབ་པ་ཡིན་ནའང་ཁྲིམས་མཐུན་བརྩི་བཞིན་ཡོད་པ་རེད། ད་ང་ཚོ་མི་སེར་དཀྱུས་མ་ཤིག་གིས་དེ་འདྲ་བྱས་ནས་མི་བཟུང་བ་ཡིན་ན། དེའི་མིང་ལ་འཇིགས་སྐུལ་བ་དང་དྲག་སྤྱོད་པ་ཟེར་གྱི་ཡོད་པ་རེད།

ད་བོད་ནང་བཙོན་པ་༣༠༠དང་༤༠༠ཙམ་ཞིག་དེ་གློད་པར་ང་ཚོར་ཐབས་ཤེས་ཤིག་ཡོད་པ་རེད་དམ་མ་རེད། པཎ་ཆེན་རིན་པོ་ཆེ་གློད་པར་ཐབས་ཤེས་ཤིག་ཡོད་རེད་དམ་མ་རེད། རྒྱ་ནག་གཞུང་ལ་སྐད་ཆ་བཤད་རུང་ཉན་ས་མ་རེད། སྐད་ཆ་ད་ལྟ་བར་དུ་བཤད་པ་རེད་ད་དུང་ཡང་ཉན་ཡོད་པ་མ་རེད། ད་དཔེར་ན་རྒྱ་མི་མོ་ཊ་གང་ང་ཚོས་རག་པ་ཡིན་ན། སྟོད་མངའ་རིས་དེ་ཚོར་ཁྲིད་ནས་ད་པཎ་ཆེན་རིན་པོ་ཆེ་དང་བརྗེ་པོ་རྒྱག་གི་ཡིན་ནམ་མིན་ལབ་དགོས་པ་ཞིག་རེད་བསམས་ཀྱི་འདུག ད་ཡིན་ནའང་འུར་ཐུགས་དུས་ཆབ་སྲིད་ཟེར་བ་དེར་ཚད་དེ་བར་བབས་རྒྱུ་ཡོད་པ་ཞིག་རེད།

གུ་ཡངས་དང་། བསྟུན་ཤེས། ད་ལྟ་ནང་བཞིན་དབུ་མའི་ལམ་ལྟ་བུ་གཞུང་ལུགས་གསར་པ་ཞིག་བརྩམས་ནས་ལམ་ཁ་ཡག་པོ་དེ་འདྲ་ཞིག་ལ་འགྲོ་ས་ཡོད་ན་ཐང་། འོན་ཀྱང་འུ་ཐུག་དུས་ལམ་ཁ་དེར་མ་གཏོགས་འགྲོ་ས་ཡོད་པ་མ་རེད། དེ་རིང་བར་མི་༡༠༠ཙམ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡང་ད་ལྟ་རྒྱ་ནག་གཞུང་གིས་ག་རེ་བྱེད་ཀྱིན་འདུག དེ་ངས་ལབ་མི་དགོས་པ་ཚང་མས་ཧ་གོ་གིན་ཡོད་པ་རེད།

ངས་མདང་དགོང་མར་མེ་ཁྲོམ་སྐོར་ཐོག་བསམ་ཚུལ་ཞིག་བཤད་པ་ཡིན། ད་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྲངས་ཀ་༡༠༠ལ་སླེབས་རྒྱུ་ཡིན་པ་དེ་གཏན་ཁེལ་ཚར་བ་རེད། ང་ཚོས་ཆེན་པོ་ཕར་བཞག་ང་ཚོའི་ངོས་ནས་བྱེད་ཐུབ་པའི་ཆུང་ཆུང་ཞིག ལབ་སྟངས་ལྟར་ན་ཁ་ཡོད་ལག་ཡོད་ཀྱིས་ག་རེ་བྱེད་ཡ་འདུག བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལ་ཊོན་ཊི་ཊུའུ་༢༢ཟེར་བའི་དམག་སྒར་ཤིག་བཙུགས་ཡོད་པ་རེད། ངོས་རང་སྔོན་མ་དེའི་ནང་དགེ་རྒན་བྱེད་ནས་སྡོད་མྱོང་ཡོད། ད་ལྟ་དེ་སྦད་དེ་སྒོ་བརྒྱབ་ཡོད་པ་མ་རེད། ང་ཚོའི་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མི་༡༠༠ཟིན་པའི་ཉིན་མོ་དེར་ང་ཚོའི་བོད་མི་དེ་ཚོས་སོ་སོའི་བུ་ཕྲུག་༡༠༠ཐམ་པ་དམག་སྒར་དེའི་ནང་གཏོང་ཐུབ་ཀྱི་རེད་དམ་མ་རེད། རེ་བ་གཅིག་དེ་རེད། ཆེས་མ་མཐའ་ཡང་ང་ཚོས་རྒྱ་མིའི་ལྕ་ལག་སྦད་དེ་མི་ཉོ་བ་མ་ཐུབ་རུང་། ང་ཚོས་མི་རེ་རེས་དམ་བཅའ་བཞག་ནས། ཉིན་བརྒྱའི་རིང་ང་ཚོས་རྒྱ་མི་ལྕ་ལགས་མ་ཉོས་ན་འགྲིག་གི་རེད་དམ་མ་རེད།

དེ་སྔོན་ཨ་མདོ་མགོ་ལོག་ཁུལ་དུ་ཉེན་རྟོག་པའི་འགོ་དཔོན་ཞིག་གིས་རྒྱ་ནག་གཞུང་གི་ལས་ཀ་བྱ་རྒྱུ་མིན་ཞེས། མེ་མདའ་དེ་ཚོ་རྩིས་སྤྲད་བྱས་ནས། ངའི་མེ་མདའ་འདིས་ང་རང་གི་མི་རིགས་འདི་གསོད་ཐུབ་ཀྱི་མི་འདུག རྒྱ་ནག་གཞུང་གི་དབང་ཆ་དེ་ངས་དང་ལེན་བྱེད་ཀྱི་མིན་ཞེས་དགོངས་པ་ཞུས་ནས་ཕྱིར་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་དུ་ཚུར་ལོག་པ་རེད་ཟེར།

བོད་ནང་རྒྱ་ནག་གཞུང་གི་ལས་ཀ་བྱེད་མཁན་དང་ལྷག་པར་དྲག་ཆས་ཚན་པའི་ནང་ལས་ཀ་བྱེད་མཁན་བོད་མི་བརྒྱ་ཐམ་པས་དགོངས་ཞུ་བྱེད་ཐུབ་ཀྱི་རེད་དམ་མ་རེད། སོ་སོའི་སྤུན་ཟླ་དེ་ཚོས་མེ་རྒྱག་ཐུབ་ཀྱི་ཡོད་ན་ཁོང་ཚོས་རྒྱ་ནག་གཞུང་གིས་སྤྲད་པའི་མེ་མདའ་དེ་ཕར་རྒྱ་ནག་གཞུང་ལ་རྩིས་སྤྲད་ནས་དགོངས་པ་ཞུ་ཐུབ་ཀྱི་རེད་དམ་མ་རེད། ག་སྲིད་ཁོང་ཚོ་གཞུང་ནས་དོན་པ་ཡིན་ན་ང་ཚོ་བོད་རིགས་མི་མང་གིས་ཁོང་ལ་ཁ་བཏགས་འཐེན་རྒྱུ་རེད།

ངས་ཁ་སང་ལབ་པ་ཡིན། ད་ང་ཚོས་བྱེད་རྒྱུ་གང་ཡང་ལྷག་མི་འདུག མི་སོ་སོས་དངུལ་ཁང་ཁ་བྱང་རེ་ཕྱེས་ནས་དེའི་ནང་ལ་ད་ལྟ་བར་མི་བརྒྱ་ཐམ་པས་མེར་བརྒྱབ་ཚར་དུས་དེ་དག་གི་གྲངས་ཀའི་ཚབ་ཏུ་སྒོར་མོ་༡༠༠ཐམ་པ་དེའི་ནང་བླུགས་རོགས་གྱིས། ང་ཚོས་ཇེའུ་མི་རིགས་ཀྱི་ཐེབས་རྩ་བསགས་འདུག འཛམ་བུ་གླིང་ནང་ཇེའུ་མི་རིགས་སྔོན་ཐོན་རེད་ཅེས་མང་པོ་བཤད་རུང་། ཇེའུ་མི་རིགས་རྣམས་དེ་ག་ཙམ་གྱི་སྔོན་ཐོན་ཆགས་པ་དེ་འདྲ་མ་རེད།

ཁྱད་པར་དུ་ཇེའུ་མི་རིགས་དེ་ཚོ་དཀའ་ལས་མི་རྒྱག་པར་ལྷོད་ལྷོད་བསྡད་ནས་ཆགས་པ་དེ་འདྲ་ཡང་མ་རེད། ཇིའུ་མི་རིགས་དེ་ཚོས་ག་རེ་བྱས་པ་རེད་ཟེར་ན། ཁོང་ཚོར་གསང་བའི་ཐེབས་རྩ་ཞིག་ཡོད་པ་རེད། དཔེར་ན་ཁོང་ཚོར་དངུལ་ཁང་འདྲ་པོ་ཆེན་པོ་ཞིག་ཡོད་པ་རེད། ལོ་༧༠༠དང་༨༠༠ཕ་ཆེར་ལོ་ངོ་༡༠༠༠ཙམ་རིང་ལ་ཁོང་ཚོས་དངུལ་བསགས་པ་ཞིག་རེད། ང་ཚོས་ཀྱང་དེ་བཞིན་བསགས་ནས་གཅིག་ལ་སྤྲོད་ཟེར་གྱི་ཡོད་པ་མ་རེད། ཕ་མས་པུ་གུར་རྩིས་སྤྲོད། པུ་གུས་པུ་གུར་རྩིས་སྤྲོད་དགོས་ཀྱི་ཡོད་པ་རེད། མ་འོངས་པར་ང་ཚོའི་མི་རིགས་འདི་འདྲ་བྱས་ནས་ཡོང་བ་རེད་ཅེས་དགོས་པའི་ཉིན་མོ་ཞིག་ཤར་སྲིད་པ་རེད། སྤྱིར་སྟངས་ནས་བཤད་ན། ད་ང་ཚོས་གཅིག་བྱེད་དགོས་པ་རེད་ཟེར་ན་ཆེན་པོ་ཞིག་བྱེད་མ་ཐུབ་རུང་དེ་འདྲ་ཞིག་ནས་འགོ་བརྩམས་དགོས་པ་ཞིག་རེད།

གཉིས་ནས་ང་ཚོ་མ་འོངས་པའི་ལོ་༢༠ནང་ག་རེ་བྱེད་དགོས་པ་རེད་ཟེར་ན། ཉུང་མཐར་ཡང་འདས་པའི་ལོ་༢༠རིང་ང་ཚོས་ག་རེ་བྱས་འདུག་དེར་རྒྱབ་ཤེད་རྒྱག་དགོས་པ་རེད། མ་འོངས་པར་ལོ་༢༠༠༠ག་པར་འགྲོ་ངེས་རེད་ཟེར་ན་བོད་མི་རིགས་འདི་ལོ་༢༠༠༠སྔོན་ག་པར་ནས་ཡོང་བ་ཞིག་དང་ང་ཚོ་ག་པར་ནས་ཡོང་བ་དེ་དག་རོབ་ཙམ་ཤེས་དགོས་པ་ཞིག་རེད། མི་རིགས་ཤིག་གི་གནད་དོན་ལ་ཐོག་མར་སོ་སོ་གང་ནས་ཡོང་བ་ཞིག་དང་གང་འདྲ་བྱས་ནས་ཡོང་བ་ཡིན་མིན་ཤེས་དགོས་པ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ག་རེ་བྱེད་ནས་ཡོང་བ་རེད། བཙན་བྱོལ་སྤྱི་ཚོགས་ཆགས་དགོས་དོན་ག་རེ་རེད་དེ་ཚོ་ང་ཚོས་རིམ་པར་ཤེས་དགོས་པ་རེད་ཅེས་གསུངས་སོང་།

ཡང་ཁོང་གིས། དབུ་མའི་ལམ་གྱི་དཀའ་ངལ་ཆེ་ཤོས་ག་རེ་རེད། དེ་རིང་རྒྱ་ནག་གི་རྩོམ་པ་པོ་༡༠༠ཡིས་རྒྱབ་སྐྱོར་བྱས་འདུག ༣༠༠ཡིས་རྒྱབ་སྐྱོར་བྱས་འདུག་ལབ་ཀྱི་ཡོད་པ་རེད། གཞུང་འབྲེལ་གྱི་ཐོག་ནས་དེ་གསུང་གིན་ཡོད་པ་རེད་ལ་༧སྐྱབས་མགོན་རིན་པོ་ཆེས་ཀྱང་དེ་གསུང་གིན་ཡོད་པ་རེད། རེད། མི་༡༠༠དང་༢༠༠ཙམ་གྱིས་དབུ་མའི་ལམ་རྒྱབ་སྐྱོར་བྱེད་ནས་རྩོམ་ཡིག་འབྲི་མཁན་དེ་འདྲ་ཡོད་པ་རེད། འོན་ཀྱང་དབུ་མའི་ལམ་དེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་ང་ཚོར་ཚད་མཐོའི་རང་སྐྱོང་དགོས་ཟེར་ལབ་ནས། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་དུས་རྒྱ་མི་རིགས་ག་ཚོད་ཅིག་འགྲོག་ཡོད་པ་རེད་དམ།

དབུ་མའི་ལམ་ལ་རྒྱབ་སྐྱོད་བྱེད་དགོས་བསམས་ཀྱི་འདུག འོན་ཀྱང་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ལབ་དུས་རྒྱབ་སྐྱོད་བྱེད་ཀྱི་མིན་ལབ་མཁན་རྒྱ་མི་ག་ཚོད་ཅིག་ཡོད་པ་རེད། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཟེར་དུས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་རེད། དེ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཡོད་པ་རེད། རྒྱ་ནག་གི་ད་ལྟའི་རྩ་ཁྲིམས་དེ་ཤེས་ཡོན་པ་དང་ལྷག་པར་དུ་བསམ་བློ་ཡོད་མཁན་མི་ཚོས་དེ་ཁྲིམས་མཐུན་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་རེད། དེ་དུས་ཚོད་ཐུང་ཐུང་ཞིག་གི་སྐད་ཆ་རེད།

དེར་བརྟེན་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཁས་ལེན་གྱི་ཡིན་ལབ་དུས་སོ་སོའི་དྲང་བདེན་གྱི་ཆ་ནས། མི་ཆོས་རིང་ལུགས་ཀྱི་ཆ། ལོ་རྒྱུས་འཕེལ་རིམ་གྱི་ཆ་བཅས་ཆ་ཚང་བློས་གཏོང་བའི་སྐད་ཆ་ཞིག་རེད། དེར་བརྟེན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་པ་གང་ཞིག་རྒྱ་ནག་གི་རྩ་ཁྲིམས་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་མོས་མཐུན་མེད་མཁན་མང་པོ་ཞིག་ཡོད་པ་རེད། ང་ཚོས་དབུ་མའི་ལམ་རྩོད་ལེན་བྱེད་པ་དང་མཉམ་དུ་དཀའ་ངལ་ག་རེ་བྱུང་ཡོད་པ་རེད་ཟེར་ན་རྒྱ་ནག་དམག་ཤོག་ཚོགས་པའི་ཁྲིམས་མེད་ལུགས་མེད་ཀྱི་རྩ་ཁྲིམས་དེ་ཁས་ལེན་གྱིན་ཡོད་པ་རེད་ཅེས་གསུངས་སོང་།

དེ་རྗེས་སྨན་ཤེས་བློ་གྲོས་ལགས་ཀྱིས། དབུ་མའི་ལམ་འདི་བཙན་བྱོལ་བོད་གཞུང་ངོས་ནས་དང་བཙན་བྱོལ་སྤྱི་ཚོགས་ནང་དྲིལ་བསྒྲགས་ཤུགས་ཆེ་ཤོས་དང་། འདྲེན་ཤུགས་ཆེ་ཤོས་ཀྱི་གཞུང་ལུགས་ཤིག་རེད། ད་ལྟ་ངས་སྐད་ཆ་ཤོད་རྒྱུ་དེ་དབུ་མའི་ལམ་གྱི་ཐ་སྙད་དང་བྱུང་རིམ་སྐོར་མིན་པར། དེའི་ཐོག་ང་ཚོས་ལོ་རྒྱུས་ཀྱི་ཁོར་ཡུག་ཅིག་གི་ཐོག་ནས་ཕར་དབྱེ་ཞིབ་བྱ་རྒྱུ་དེ་རེད།

དེར་བརྟེན་དང་པོ་དབུ་མའི་ལམ་གྱི་རིན་ཐང་ངམ་གདེང་འཇོག་བྱེད་སྟངས་དང་། གདེང་འཇོག་བྱེད་སྟངས་དེ་ཡང་དབྱིན་ཇིའི་རྩོམ་ཡིག་ཅིག་དང་ཡང་ན་རྒྱ་མིའི་རྩོམ་པ་པོ་ཞིག་གིས་བརྩམས་པའི་རྩོམ་ཡིག་དེ་འདྲ་མིན་པར། ངས་བོད་པ་རང་ཉིད་ཀྱི་དབུ་མའི་ལམ་ཐོག་ལ་གདེངས་འཇོག་བྱེད་སྟངས་ཐོག་བལྟ་ཞིབ་བྱེད་དགོས་པ་རེད་བསམས། དེར་བརྟེན་ང་ཚོའི་སྤྱི་ཚོགས་ལྟ་བུ་ཡིན་ན། མི་མང་གི་ངོས་ནས་དབུ་མའི་ལམ་ལ་ཧ་ལས་པའི་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་མི་མང་གིས་མཐོང་ཆེན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེས་ཡིན་པའི་རྒྱུ་མཚན་གྱིས་རེད། མ་གཏོགས་མི་མང་ཚོས་སོ་སོ་རང་ཉིད་ཀྱི་ངོས་ནས་དེའི་སྒང་ལ་བསམས་ཞིབ་དང་དབྱེ་ཞིབ་བྱེད་པའི་ནུས་པ་ཡོད་པ་མ་རེད་ལ། དེ་གོམས་གཤིས་ཀྱང་ཡོད་པ་མ་རེད། དེ་མི་མང་གི་ཕྱོགས་ནས་རེད།

ཕྱོགས་གཞན་པ་ཞིག་གི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ནང་བགྲོ་གླེང་གི་ཁོར་ཡུག་དང་ཡང་ན་གསར་འགྱུར་བརྒྱུད་ལམ་གྱི་ཁོར་ཡུག་དེ་དག་ནང་གང་འདྲ་ཡོད་པ་རེད་ཟེར་ན། དེ་དག་ནང་དབུ་མའི་ལམ་གྱི་རིན་ཐང་གཞལ་སྟངས་ཚད་དམའ་བོ་ཞིག་རེད། འགའ་ཤས་ཀྱི་རིན་ཐང་ཁྱོན་ནས་མེད་པ་བལྟ་བ་དང་། གང་ལྟར་གསར་འགྱུར་བརྒྱུད་ལམ་དེ་དག་ནང་གི་ཚད་གཞི་བསྡོམས་པས་ན། གང་འདྲ་ཞིག་བལྟ་བཞིན་ཡོད་པ་རེད་ཟེར་ན། ང་ཚོའི་རང་བཙན་གྱི་དགོས་འདུན་ལམ་ལྷོང་མ་བྱུང་བའི་རྐྱེན་གྱིས་ལས་ཀ་དེ་བྱེད་དགོས་ཆགས་པ་དང་། ཡང་གཉིས་པ་དེ་བོད་མི་ཚོ་ཐབས་ཟད་འུ་ཐུག་ནས་ལས་ཀ་དེ་བྱེད་ཀྱིན་ཡོད་པ་ལྟ་བུ། ཡང་འགའ་ཤས་ཀྱིས་དེ་གནས་སྐབས་ཀྱི་ཐབས་ལམ་ཙམ་གྱི་ལམ་ཕྱོགས་འཛིན་གྱི་ཡོད་པ་རེད། ཡང་འགའ་ཤས་ཀྱིས་དེ་ཆེད་དུ་དགོས་མིན་གྱིས་ལས་ཀ་བྱེད་ཀྱིན་ཡོད་ལ་ཞིག་ལ་ངོས་འཛིན་གྱིན་ཡོད་པ་རེད། ཡང་མི་རེ་ཟུང་གིས་དེ་བོད་དང་རྒྱ་ནག་དབར་ལོ་རྒྱུས་ཀྱི་རྩོད་རྙོག་རྙིང་པ་འགའ་ཤས་རྩོད་པ་རྒྱག་སའི་དྲིལ་སྒྲོག་གི་བརྒྱུད་ལམ་ལྟ་བུ་ཞིག་ལ་ངོས་འཛིན་གྱིན་ཡོད་པ་རེད། མདོར་བསྡུས་ན་ཁོང་ཚོས་དབུ་མའི་ལམ་ཐོག་བལྟ་སྟངས་དང་རིན་ཐང་འཇོག་སྟངས་ཆེན་པོ་ཞིག་ཆེན་པ་མ་ཟད་རིན་ཐང་མེད་པ་ལྟ་བུ་ཞིག་ལ་ངོས་འཛིན་གྱི་ཡོད་པ་རེད།

ཁོང་ཚོར་ཁོངས་གཏུགས་སའི་རྒྱུ་མཚན་ཁག་གཉིས་ཡོད་པ་རེད། དེ་གང་རེད་ཟེར་ན། ཆབ་སྲིད་རྐྱང་པའི་སྒང་ནས་བལྟ་བ་དང་། ཡང་ན་ལོ་རྒྱུས་རྐྱང་པ་ཞིག་གི་སྒང་ལ་བལྟ་གིན་ཡོད་པ་རེད། འོན་ཀྱང་གནས་ཚུལ་འདི་འདྲ་ཞིག་གི་སྒང་ནས་དབུ་མའི་ལམ་ལ་ཕར་རིན་ཐང་འཇལ་བ་ཡིན་ན། ཁྱབ་ཁོངས་དེ་རྒྱ་ཆུང་སོང་བ་དང་གུ་དོགས་སོང་བ་ལྟ་བུ་ཞིག་དང་། ཡང་ན་སོ་སོའི་བསམ་བློའི་གནས་ཚད་དེ་ཚད་འཇལ་བའི་ཚད་གཞི་དེར་སླེབས་མེད་པ་རེད། འོ་ན་ང་ཚོས་གང་འདྲ་བྱས་ནས་ཚད་གཞི་དེར་སླེབས་ཀྱི་རེད་ཟེར་ན། དང་པོ་ང་ཚོས་བསམ་བློ་གཏོང་དགོས་ས་དེ་དབུ་མའི་ལམ་ཟེར་བ་དེ་ཆབ་སྲིད་ཀྱི་གཞུང་ལུགས་རྐྱང་པ་ཞིག་མ་ཡིན་པར། དེས་ཆབ་སྲིད་ཀྱི་ལྟ་བ་དང་ཆབ་སྲིད་ཀྱི་ཁེ་དབང་གང་ཡང་རྩོད་པ་རྒྱག་གིན་ཡོད་པ་མ་རེད། གཉིས་པ་དེ་བྱུང་བའམ་འདས་པ་ཞིག་ལ་ཁོར་ན་གཞིར་བཅོལ་རྒྱུ་ཞིག་མ་རེད། དེ་མ་ཡིན་པ་མ་ཟད། དེ་ལོ་རྒྱུས་ཀྱི་ཁྱབ་ཁོངས་ཚད་ངེས་ཅན་ཞིག་ལ་བརྒལ་ཐུབ་པའི་གཞུང་ལུགས་ཤིག་རེད།

གསུམ་པ། ཉེ་ཆར་རམ་མིག་སྔའི་ཛ་དྲག་གི་གནས་སྟངས་ཤིག་ལ་ཁོར་ན་ཁ་གཏད་རྒྱུ་ཞིག་ཀྱང་མིན་པར། འདིས་མ་འོངས་པའི་བོད་མིའི་གནས་བབས་ཤིག་ལ་བལྟ་སྟངས་བཟུང་ཡོད་པ་རེད། དེར་བརྟེན་ང་ཚོས་ག་དུས་ཡིན་རུང་དེར་ཚད་གཞི་འཇལ་མི་ཐུབ་པ་གང་ཞིག་ལ་ཐུག་ཡོད་པ་རེད་ཟེར་ན། ཆབ་སྲིད་ཀྱི་ལྡོག་ཕྱོགས་ཀྱི་བསམ་བློ་དང་ཡང་ན་ལོ་རྒྱུས་རྙིང་པའི་བལྟ་ཚུལ། ཡང་ན་མིག་སྔའི་དམིགས་ཡུལ་ཁོ་ན་ཙམ་ཞིག་ནས་དབུ་མའི་ལམ་གྱི་རིན་ཐང་བལྟས་པ་ཡིན་ན། རིན་ཐང་གང་ཡང་རྙེད་ཀྱི་མ་རེད།

འོ་ན་ང་ཚོས་གང་འདྲ་བྱེད་ནས་དེའི་རིན་ཐང་རྙེད་ཀྱི་རེད་ཟེར་ན། དེ་ཁ་བསལ་པོའི་སྒང་ནས་ཞུས་པ་ཡིན་ན། ལོ་ངོ་ཕ་ཆེར་༢༠༠༠ཙམ་གྱི་རིང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དང་དམག་འཁྲུག ཛ་དྲག་གི་གནས་ཚུལ་ཚང་མ་འཇུག་བསྡོམས་ཐུབ་ཡ། བོད་དང་རྒྱ་ཕན་ཚུན་དབར་བསམ་ཤེས་དང་བརྩི་འཇོག ཕན་ཚུན་མཉམ་གནས་བྱེད་ཐུབ་པའི་ལམ་ཁ་རྒྱ་ཆེན་པོ་ཞིག་སྟེ་རིག་པའི་གཞུང་ལུགས་སྒང་ནས་གཏན་ལ་ཕབ་པ་ཞིག་རེད། དབུ་མའི་ལམ་གྱི་རིན་ཐང་བལྟ་དགོས་ན་རིག་པའི་གཞུང་ལུགས་གསར་པ་ཞིག་གི་སྒང་ནས་ཕར་བལྟ་ཐུབ་ཀྱི་ཡོད་པ་རེད། ཡང་དེ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གཞན་ཞིག་ཁས་ལེན་དགོས་པ་ག་རེ་ཡོད་པ་རེད་ཟེར་ན། བོད་དེ་རྒྱ་ནག་དམར་པོས་བཙན་བཟུང་བྱས་ནས་བོད་དེ་མི་སེར་སྤེལ་བའི་ལམ་ལུགས་ཤིག་གི་འོག་ཡོད་པ་མ་ཟད་བོད་དེ་ཡང་བསྐྱར་དཀའ་རྙོག་གསར་པ་ཞིག་གི་སྒང་ལ་འགྲོ་བཞིན་ཡོད་པ་རེད།

དཀའ་རྙོག་དེ་ག་རེ་རེད་ཟེར་ན། བོད་དེ་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཆེན་པོ་ཞིག་གི་ནང་ཚུད་པའི་ཉེན་ཁ་ཡོད་པ་རེད། དེ་ནི་བོད་དང་འབྲེལ་བ་ཡོད་པའི་མཐའ་མཚམས་དེ་དག་དམག་དོན་གྱི་བསྟི་གནས་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་རེད། ཡང་ན་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་ས་ཤུགས་ཆེ་ཤོས། ཡང་ན་རྡུལ་ཕྲན་མཚོན་ཆ་བཟོ་བར་འགོག་པའི་འཕྲུལ་ཆས་དབོར་འདྲེན་བྱེད་སའི་ས་ཁུལ་ཞིག་ཆགས་ཡོད་པ་རེད། དཔེར་ན། བོད་དང་འབྲེལ་བ་ཡོད་པའི་རྒྱ་གར་གྱི་ས་མཚམས་སམ་ཡང་ན་པཱ་ཀི་སི་ཐན། ཡང་ན་ར་ཤི་ཡའི་ས་མཚམས་དང་ཡང་ན་རྒྱ་ནག་ནང་ཁུལ་གྱི་ས་ཆ་ལྟ་བུ། ཁྱིམ་མཚེས་རྒྱལ་ཁབ་དེ་ཚོ་ཚང་མས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཆེན་པོ་ཞིག་གི་འགོ་བརྩམས་བཞིན་ཡོད་པ་རེད།

ཕྱོགས་གཅིག་ནས་དེ་དག་ང་ཚོ་དང་འབྲེལ་བ་མེད་པ་ཞིག་ཡིན་ཡང་དེ་དག་༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེས་ནང་ཡོད་པ་རེད། གང་ཡིན་ཟེར་ན། དམག་འཁྲུག་དེ་འདྲའི་ཆེན་པོ་ཞིག་བརྒྱབ་པ་ཡིན་ན་གྱོང་ང་ཚོར་རག་གི་རེད། བོད་དེ་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། འོན་ཀྱང་བོད་ཀྱི་གནས་སྟངས་དེ་ལྷིང་འཇགས་ཤིག་བྱུང་བ་ཡིན་ན། ང་ཚོ་དང་འབྲེལ་བ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་དང་ཡང་ན་དེ་དག་གི་རྒྱབ་ཏུ་ཡོད་པའི་ནུབ་ཕྱོགས་པའི་རྒྱལ་ཁབ་དེ་དག་གི་གནས་སྟངས་ལྷིང་འཇགས་འགྲོ་ཡ་དང་། དཀའ་རྙོག་དེ་དག་མཚམས་འཇོག་ཐུབ་ངེས་རེད། དེ་དག་ཙམ་མ་ཟད་ཨེ་ཤ་ཡའི་རྒྱལ་ཁབ་དེ་དག་ཚང་མ་མཉམ་འབྲེལ་ཤུགས་ཆེན་པོ་ཞིག་ཡོང་བའི་ཕན་ཐོགས་ཡོད་པ་རེད། སོང་ཙམ་ང་ཚོས་རྒྱལ་སྤྱིའི་གནས་ཚུལ་དང་ཁྱིམ་མཚེས་རྒྱལ་ཁབ་དེ་དག་གི་ཛ་དྲག་གི་གནས་ཚུལ། ཡང་ན་མ་འོངས་པའི་འབྱུང་ལ་ཉེན་པའི་དཀའ་ངལ་མང་པོ་ཞིག་གི་ཐོག་ནས་དབུ་མའི་ལམ་གྱི་རྒྱབ་ལྗོངས་དང་དབུ་མའི་ལམ་གཏན་ལ་ཕབ་དགོས་དོན་དེ་འདྲ་ཞིག་རེད་ཅེས་གསུངས་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གིས་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས། ངོས་རང་རྒྱ་གར་ནང་སྐྱེས་པ་ཞིག་ཡིན་ཡང་ང་རང་གི་འཆར་སྣང་དང་ལྟ་སྟངས་ཐོག་ནས་བསམ་ཚུལ་ཏོག་ཙམ་ཞུས་པ་ཡིན་ན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ནང་འཛུགས་སྐྲུན་ཟེར་དུས་བོད་ནང་རྒྱ་ནག་གཞུང་གིས་འཛུལ་ཟེར་བ་ཁར་འཁྱེར་ཡོང་དུས་དེའི་ཤུལ་དུ་ཉེན་ཁ་དེ་ཙམ་མཐོང་ཐུབ་ཀྱི་ཡོད་པ་མ་རེད། ངས་བསམས་པར་རྒྱ་ནག་གིས་༼འཛུགས་སྐྲུན་༽ཟེར་བ་དེ་བཙན་འཛུལ་བྱེད་པའི་ལག་ཆར་བེད་སྤྱོད་གཏོང་གིན་འདུག་པ་དེ་བསལ་པོ་བཟོ་ཐུབ་ན་དྲན་སོང་། སྤྱིར་འཛུགས་སྐྲུན་ཟེར་བ་དེ་ཆབ་སྲིད་ཀྱི་མིང་ཡིན་པ། དཔེར་ན། རྒྱ་ནག་གིས་བོད་ནང་བཅིངས་འགྲོལ་ལབ་པ་བཞིན་དོན་དངོས་སུ་བཅིངས་འགྲོལ་མ་རེད་བཙན་འཛུལ་རེད། རྒྱ་ནག་གིས་འཛུགས་སྐྲུན་ལབ་དུས་དེ་དྲིལ་བསྒྲགས་ཀྱི་ལག་ཆ་ཡག་པོ་ཞིག་རག་ཡོད་པ་རེད། བོད་ནང་འཛུགས་སྐྲུན་བྱེད་ཀྱི་འདུག

ང་ཚོས་བོད་ནང་འཛུགས་སྐྲུན་དེ་ཡག་པོ་མི་འདུག་ཅེས་ལབ་པ་ཡིན་ན། བོད་མི་རྣམས་ཡར་རྒྱས་དང་འཛུགས་སྐྲུན་ལ་དགའ་པོ་མེད་པའི་བཟོ་འདྲ་ཆགས་ཀྱི་རེད། འོན་ཀྱང་ང་ཚོས་འཛུགས་སྐྲུན་ཟེར་བ་དེ་འཐབ་རྩོད་ཀྱི་ལམ་ནས་བལྟ་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ང་ཚོ་བཙན་བྱོལ་ནང་བོད་ནང་འཛུགས་སྐྲུན་བྱེད་ཀྱི་འདུག འོན་ཀྱང་བོད་པའི་འཛུགས་སྐྲུན་ཟེར་བའི་ཚིག་དེར་འཐབ་རྩོད་ག་རེ་བྱེད་དགོས་མིན་གསལ་པོ་ཡོད་པ་མ་རེད། དཔེར་ན། རྒྱུན་དུ་ང་ཚོས་ལབ་བཞིན་པ་ལྟར་བོད་ནང་ཆུ་དེ་འཛམ་བུ་གླིང་གི་ཆུ་ཡག་ཤོས་དེ་རེད་ཅེས་ལབ་ཀྱིན་ཡོད་པ་རེད། འོན་ཀྱང་འཛམ་བུ་གླིང་གི་ཆུ་ཡག་ཤོས་དང་འབེལ་ཤོས་བོད་ནང་ཡོད་ཀྱང་ངོས་རང་དྷ་རམ་ས་ལར་སྡོད་མཁན་ཞིག་ཡིན་པའི་ཆ་ནས་ཆུ་ཟོམ་གང་རག་པར་དཀའ་ལས་ཁག་པོ་འདུག་ཨ། དེ་ངོས་ཀྱིས་ག་རེ་ཤོད་ཀྱིན་ཡོད་ཟེར་ན། རྒྱ་གཞུང་གིས་འཛུགས་སྐྲུན་ཟེར་བ་དེར་ང་ཚོས་ཀྱང་ཐོབ་ཐང་ཞིག་རག་པ་བྱེད་དགོས་ཀྱི་འདུག དེ་འདྲའི་བསམ་བློ་ཞིག་སླེབས་དགོས་པ་དེ་གལ་ཆེན་པོ་རེད་བསམས་ཀྱི་འདུག

གཉིས་པ་དེ་ད་ལྟ་བོད་ནང་འཛུགས་སྐྲུན་ཟེར་བ་དེར་རྒྱ་མི་གཅིག་པུ་ཡིན་པའི་སྣང་བ་ཤར་གྱི་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ག་རེ་རེད་ཟེར་ན། རྒྱ་མི་གཞུང་དང་ཕྱི་རྒྱལ་ནུབ་ཕྱོགས་ཀྱི་ཚོང་པ་ཆེན་པོ་དེ་ཚོ་དབར་ལག་པ་མཉམ་དུ་སྦྲེལ་ནས་བོད་ནང་འཛུགས་སྐྲུན་ཟེར་བ་དེ་དག་ཁ་ལ་འཁྱེར་ནས་གཏེར་ཁ་སྔོག་འདོན་སོགས་བྱེད་ཀྱིན་ཡོད་པ་རེད། དཔེར་ན། ཕྱི་ལོ་༢༠༡༢ལོར་ཨ་རིའི་ཕྱུག་བདག་ཆེ་ཤོས་གཉིས་བོད་ཀྱི་ས་ཆ་ཁམས་ནང་ཕྱིན་ནས་རྒྱ་ནག་གཞུང་དང་ བོད་ནང་ཞ་ཉེ་སོགས་གཏེར་ཁ་འདོན་རྒྱུའི་ཆིངས་ཡིག་བཞག་འདུག འཛམ་བུ་གླིང་ནང་ཞ་ཉེ་མང་ཤོས་ཀྱི་གཏེར་ཁ་དེ་བོད་ནང་ཡོད་པ་རེད། ཞ་ཉེ་དེ་དག་ Information tacknolege བརྒྱུད་ལམ་ཤེས་བྱའི་ཡོ་ཆས་གློག་ཀླད་དང་ལག་འཁྱེར་ཁ་པར་དེ་ཚོར་བེད་སྤྱོད་གཏོང་གིན་ཡོད་པ་རེད།

རྡོག་དོན་རྒྱ་ནག་གཞུང་དང་ཨ་རིའི་ཚོང་པ་དེ་ཚོ་ལག་སྦྲེལ་བྱེད་ཀྱིན་ཡོད་པ་དེ་ང་ཚོས་ཤེས་དགོས་པ་དེ་གལ་ཆེན་པོ་རེད། དེ་བཞིན་གསེར་གྱི་ཐོག་ནས་ཡིན་ནའང་རྒྱ་ནག་དེ་འཛམ་བུ་གླིང་ནང་གསེར་བེད་སྤྱོད་གཏོང་མཁན་མང་ཤོས་ཤིག་ཆགས་ཡོད་པ་རེད། ང་ཚོ་བོད་མི་ཚོ་ལའང་དེའི་ཐད་ཐོབ་ཐང་ཡོད་པ་རེད། དཔེར་ན། རྒྱ་ནག་གཞུང་དང་ཨ་རིའི་ཚོང་པ་དེ་ཚོས་ཨ་སྒོར་ཐེར་འབུམ་མང་པོ་བཏོན་གྱིན་ཡོད་པ་རེད། དེ་ཚོ་བོད་ནས་བཏོན་གྱི་ཡོད་པ་རེད། ང་ཚོ་བོད་མི་མང་དེ་ཚོར་དེའི་ནང་ཐོབ་ཐང་ཡོད་པ་རེད་དམ་མ་རེད།

ཁོང་ཚོས་ཨ་སྒོར་ཐེར་འབུམ་གཅིག་གི་ཚོང་རྒྱག་གིན་ཡོད་ན་དེའི་ནང་ས་ཡ་༢ཙམ་ང་ཚོར་ཐོབ་ཐང་ཡོད་པ་རེད། དེ་འདྲའི་ཐོབ་ཐང་རྩོད་དགོས་པ་དེ་ང་ཚོས་འགྲེལ་བཤད་རྒྱ་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ང་ཚོས་བོད་ནང་སྡུག་པོ་གཏོང་གིན་འདུག་ཅེས་པའི་ངུ་སྐད་རྒྱག་པ་ལས་ཕར་ཕྱིན་ནས་ཐོབ་ཐང་རྩོད་དགོས་པ་རེད། བསམ་བློ་དེ་ཚོའི་ཕྱོགས་ལ་ཕར་གཏོང་ཐུབ་ན་ཐུགས་ཕན་གསོས་ཀྱི་རེད་བསམས་ཀྱི་འདུག་ཅེས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།