༢༠༡༤ནས་དགོན་སྡེ་ཁག་དུ་ཚན་རིག་སློབ་སྦྱོང་འཛུགས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༧ཉིན། དེ་རིང་ནས་བཟུང་ཉིན་གྲངས་༦རིང་གདན་ས་ཆེན་པོ་འབྲས་སྤུངས་སུ་༧གོང་ས་མཆོག་དབུ་བཞུགས་ཐོག ༼སེམས་དང་སྲོག༽གི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་ལྟར། བགྲོ་གླེང་གོ་སྒྲིག་པ་དང་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ་བཅར་འདྲི་ཞུས་ཡོད།

དགེ་བཤེས་ལྷག་རྡོར་ལགས་ལ་ཐེངས་འདིའི་ཚན་རིག་བགྲོ་གླེང་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་སོགས་བཀའ་འདྲི་ཞུས་པར་ཁོང་གིས། ཕྱི་ལོ་༡༩༨༧ ནས་བཟུང་ཚན་རིག་བགྲོ་གླེང་འདི་ཐེངས་མང་གོ་སྒྲིག་ཞུས་ཡོད་ལ། ཉེ་ཆར་བོད་ཀྱི་དགོན་སྡེ་ཁག་གི་དགེ་བཤེས་སོགས་ལ་དེང་དུས་ཀྱི་ཚན་རིག་དང་འཕྲུལ་རིག་ལས་བྱུང་བའི་ལྟ་གྲུབ་དང་བླང་དོར་སྐོར་ངོ་སྤྲོད་བྱ་རྒྱུ་ཐག་གཅོད་བྱུང་བ་ལྟར། ཐེངས་འདིའི་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཞིག་ཡིན་ཞེས་དང་།

ཡང་ཁོང་གིས་བགྲོ་གླེང་ལ་ཆེད་ཕེབས་གནང་བའི་སྐུ་མགྲོན་དང་ཚོགས་ཞུགས་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་དོན། ད་ལྟའི་ཆར་སྐུ་མགྲོན་གཙོ་བོ་དང་གསུང་བཤད་གནང་མཁན་༢༠ཙམ་ཡོད་ལ། འཛམ་གླིང་གི་རྒྱལ་ཁབ་དབྱིན་ལན་དང་འཇར་མན། རྒྱ་གར། དེ་བཞིན་བོད་པའི་ཚན་རིག་པ་ཁ་ཤས་ཡོད། མང་ཆེ་བ་ཨ་རི་ནས་ཡིན་ལ། དེ་བཞིན་བགྲོ་གླེང་གོ་སྒྲིག་ཚོགས་པས་མགྲོན་ཤོག་བཏང་བའི་ས་དགེ་བཀའ་རྙིང་བོན་ཇོ་སོགས་ཆོས་བརྒྱུད་རིས་མེད་ཀྱི་དགོན་པ་ཁག་ཉི་ཤུ་དང་བཙུན་དགོན་གསུམ་བཅས་ནས་སྐུ་ཚབ་ཆ་ཚང་བ་ཞིག་དང་། དེ་བཞིན་མཐོ་སློབ་ཁག་ཏུ་ཚན་རིག་སྦྱོང་མཁན་གྱི་སློབ་ཕྲུག་དང་ཚན་རིག་དོན་གཉེར་ཅན་སོགས་ཁྱོན་མི་གྲངས་༧༠༠་ནས་༨༠༠ཙམ་ལྷན་ཞུགས་གནང་གི་ཡོད། ཡང་དོན་གཉེར་ཅན་གྱི་སེར་སྐྱ་མང་པོ་ཡོང་གི་རེད་བསམ་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་ཐད་ཀར་བརྙན་འཕྲིན་བརྒྱུད་བགྲོ་གླེང་ནང་མཉམ་ཞུགས་གནང་ཐུབ་ཀྱི་ཡོད་ལ། དེའི་ནང་དུ་མི་གྲངས་ཕལ་ཆེར་༡༠༠༠༠ཙམ་ཤོང་གི་ཡོད་པས།  དཔུང་རྟགས་མི་དགོས་པར་སུ་ཡིན་ནའང་དེར་ལྟ་ཉན་བྱེད་དུ་ཕེབས་ཆོག་པ་རེད། ཅེས་གསུངས་སོང་།

གཞན་ཡང་། ༧གོང་ས་མཆོག་གི་ཐུགས་རེ་ལྟར། བོད་ཀྱི་དཔེ་མཛོད་ཁང་གིས་དགོན་སྡེ་ཁག་ཏུ་ཚན་རིག་སློབ་སྦྱོང་གི་ལས་གཞི་མང་པོ་སྤེལ་དང་སྤེལ་འཆར་ཡོད་པའི་སྐོར་ལ་གསུངས་དོན། ༧གོང་ས་སྤྱིར་བཏང་༧གོང་ས་མཆོག་དགུང་ལོ་ཆུང་ཆུང་སྐབས་ནས་ཚན་རིག་ལ་ཐུགས་སྣང་ཆེན་པོ་གནང་ཡོད་པ་གསལ་བོ་ཡིན་ལ།   ཕྱི་ལོ་༡༩༨༧ ནས་བཟུང་ཚན་རིག་པ་དང་བགྲོ་གླེང་གནང་བའི་མགོ་བཙུགས་པ་དང་། ཕྱི་ལོ་༢༠༠༠ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་དུ་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཚན་རིག་སློབ་འཁྲིད་ཀྱི་ལས་གཞི་བཟོས་ནས་ད་ལྟའི་བར་དུ་ལས་གཞི་མང་པོ་ཞིག་འགྲོ་བཞིན་ཡོད་པ་རེད།    དགོན་པ་ཁག་གི་དགེ་འདུན་པ་མང་ཆེ་བས་དབྱིན་ཇི་ཤེས་ཀྱི་མེད་དུས་ངེས་པར་དུ་བོད་ཡིག་རང་གི་ཐོག་ནས་སློབ་ཁྲིད་བྱེད་དགོས་ཀྱི་ཡོད་པས་གལ་སྲིད་བོད་ཡིག་གི་ཐོག་ནས་བསླབ་ཐུབ་པ་བྱུང་ན་ལས་སླ་རུ་འགྲོ་བ་དང༌། འཛམ་བུ་གླིང་གི་དེང་དུས་ཀྱི་ཤེས་ཡོན་དེ་བོད་ཡིག་གིོ་ནང་ཏུ་ཡོད་པ་བྱས་ནས་འཛམ་གླིང་གི་སྡེངས་ཆའི་སྟེང་དུ་ལངས་ཐུབ་པ་ཞིག་དགོས་པ་སོགས་ལ་བསམ་བློ་བཏང་ནས་ང་ཚོས་ཡིག་སྒྱུར་གྱི་ལས་གཞི་ཞིག་མགོ་བརྩམས་པ་དང༌། ད་ལྟའི་བར་དུ་ཐ་སྙད་ཕལ་ཆེར་ཆིག་སྟོང་ལྷག་ཡོད་པའི་ཚིག་མཛོད་ཅིག་ཀྱང་བོད་སྒྱུར་བྱས་ཟིན་པ་དང༌།

ཚན་རིག་དགེ་རྒན་སྐྱེད་སྲིང་གི་ཆེད་དུ་དང་ཐོག་དགེ་འདུན་པ་ཕལ་ཆེར་༦༠ཙམ་ལ་ལོ་རེར་ཟླ་གཅིག་རིང་ལ་ཕྱི་རྒྱལ་གྱི་ཚན་རིག་མཁས་པ་དེ་འདྲ་ཆེད་དུ་སྐད་བཏང་ནས་ཟབ་སྦྱོང་སྤྲད་པ་དང༌། ༢༠༠༥ལོར་དགེ་འདུན་པ་༦༠ལག་ཁྱེར་ཅིག་སྤྲད་རྗེས་ཁོ་ཚོའི་ནང་ནས་དགེ་འདུན་པ་༣༠ བདམས་ནས་ཡང་བསྐྱར་ཟབ་སྦྱོང་ཐེངས་ལྔ་གནང་ནས་ཚན་རིག་སྣེ་ཁྲིད་ཀྱི་སྡེ་ཚན་དེ་བཙུགས་པ་དང༌།  ཡང་བསྐྱར་ཚན་རིག་སྣེ་ཁྲིད་པ་ཚོའི་ནང་ནས་རྩེ་ཕུད་༦བདམས་ནས་ཨ་རིར་ལོ་༣རིང་ཚན་རིག་སློབ་སྦྱོང་བྱེད་དུ་བཏང་ནས་ད་ལོར་མཐར་ཕྱིན་གྱི་ཡོད་ལ། སྤྱིན་བདག་སོགས་ཀྱིས་དཀའ་ངལ་མ་འཕྲད་ན་མུ་མཐུད་ནས་གཏོང་འཆར་ཡོད།  དེ་བཞིན་སློབ་དེབ་ཡང་གལ་ཆེན་པོ་ཡིན་དུས། ད་ལྟའི་ཆར་སློབ་དེབ་བཅུ་གྲངས་ཤིག་ཡོད་པ་རེད། སློབ་དེབ་དང་དགེ་རྒན་གྱི་ཆ་རྐྱེན་གང་འཚམ་ཡོད་དུས།  འདི་ལོ་ཕྱི་ཟླ་༨པའི་ནང་དུ་གདན་ས་གསུམ་གཙོ་བོར་གྱུར་བའི་འབྲེལ་ཡོད་ཁག་ལྷན་འཛོམས་ཀྱི་ཚོགས་འདུ་ཚོགས་ནས་འཛིན་གྲྭ་མཐོ་རིམ་ནང་ལོགས་ལ་ལོ་༦ཚན་རིག་བསླབ་རྒྱུ་ཡིན་པའི་གྲོས་ཆོད་བཞག་ཚར་བ་རེད། དེ་འདྲ་ཡིན་དུས་༢༠༡༤ནས་བཟུང་སློབ་གཉེར་ཡོད་པའི་དགོན་པ་ཁག་དང་སཱ་ར་སོགས་སུ་སྦྱོང་བརྡར་དངོས་སུ་མགོ་འཛུགས་འཆར་ཡོད་ཅེས་གསུངས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།