རང་ལུས་མེར་སྲེག་གཏོང་མཁན་ཆེད་མཆོད་འབུལ་སྨོན་ལམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

 

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༦ཉིན། དེ་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་པའི་སྡེ་དང་། ཁྲིམས་ཞིབ་པ་ཆེ་བ་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་སོགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་པ། དྷ་ས་གནས་སྡོད་མི་མང་། དེ་བཞིན་བོད་ནས་གསར་དུ་འབྱོར་མ་ཐག་པའི་བོད་མི་༦༠ཙམ་བཅས་ཁྱོན་མ་གྲངས་༨༠༠ཙམ་འདུ་འཛོམས་ཀྱིས། ཉེ་ཆར་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲིས་ལགས་དང་། དེ་བཞིན་གསར་དུ་ཤེས་རྟོགས་བྱུང་བའི་དེ་སྔོན་ཕྱི་ལོ་༢༠༡༢ ཟླ་ ༩ ཚེས་ ༡༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་མཁན་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་བུད་མེད་པ་སངས་ལྷ་མོ་རྣམ་གཉིས་ཀྱིས་གཙོས་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་རྒྱ་ཆེར་གནང་ཡོད་པ་རེད།

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་གཙོས་སྐྱབས་གནས་དགེ་འདུན་པའི་སྡེ། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་། བརྩེ་བའི་སློབ་ཕྲུག་རྣམ་པ། ད་ལྟ་སྐྱབས་ཐོ་ནང་གསུངས་པ་ནང་བཞིན། མི་སྣ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་འདུག

དེའི་ནང་གཅིག་དེ་ན་ནི་ཕྱི་ཟླ་༩པའི་ནང་རང་ལུས་མེར་སྲེག་བཏང་འདུག་ཅེས་གོ་ཐོས་བྱུང་ཡང་། ད་ལྟ་གཞི་ནས་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་ཡོད་དུས། རང་ལུས་མེར་སྲེག་གཏོང་མཁན་གྱི་མཚན་ལ་པ་སངས་ལྷ་མོ་རེད་འདུག ཁོ་རང་དགུང་ལོ་༦༢རེད་འདུག རང་ལུས་མེར་སྲེག་བཏང་ས་དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ཡིན་དུས། བོད་ཀྱི་ས་ཁུལ་ཕྱི་ལོགས་དང་དམིགས་བསལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་རང་ལ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

པ་སངས་ལྷ་མོའི་གནད་དོན་དེ་ད་ལྟ་གོང་དུ་སྐྱབས་ཐོ་ནང་གསུངས་པ་ནང་བཞིན། སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམས་ཆེན་པོ་ཞིག་བརྒྱབ་རྗེས། རྒྱ་ནག་གཞུང་ཕྱོགས་ནས་ས་ཆ་དེར་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད། དེ་བཞིན་མི་མང་ཚོར་སོ་སོའི་ས་ཆ་གང་ཡིན་པ་དེ་སོ་སོར་རག་གི་རེད་ཅེས་གསལ་བསྒྲགས་བྱས་ཀྱང་དོན་དངོས་སུ་མི་མང་གི་ས་ཆ་མང་པོ་ཞིག་གཞུང་གིས་ཧམ་ཤེད་བཙན་འཕྲོག་བྱས་པ་སོགས་མ་དྲང་བའི་གནས་ཚུལ་མང་པོ་ཞིག་ཐོན་ཡོད་པ་རེད། དེར་བརྟེན་པ་སངས་ལྷ་མོས་འབྲེལ་ཡོད་རྒྱ་ནག་གཞུང་འགོ་ཁྲིད་དང་དེ་བཞིན་དམིགས་བསལ་པེ་ཅིང་རང་ལ་ཕྱིན་ནས་ཞུ་གཏུག་ཕུལ་ཡང་གྲུབ་འབྲས་མ་ཐོན་པར་བརྟེན་རང་ལུས་མེར་སྲེག་བཏང་འདུག་པ་དང་། ད་ལྟའི་ཆར་ཁོ་མོ་སྨན་ཁང་དུ་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ལོ་འདིར་རང་ལུས་མེར་སྲེག་བཏང་མཁན་དང་པོ་དེ་༢༠༡༣ཟླ་༡ཚེས་༡༢ཉིན་རང་ལུས་མེར་སྲེག་བཏང་མཁན་ཚེ་རིང་བཀྲ་ཤིས་ལགས་ཆགས་ཡོད་པ་རེད། ཁོ་རང་དགུང་ལོ་༢༢དང་ས་གནས་བཟང་ཆུ་རྫོང་ནས་རེད་འདུག ཕྱི་ལོ་༢༠༠༩ནས་བཟུང་ད་ལྟ་བར་རང་ལུས་མེ་སྲེག་གཏོང་མཁན་བསྡོམས་༩༧དང་། ༢༠༡༢ལོར་༨༣། དེའི་ནང་འདས་གྲོངས་སུ་ཕྱིན་པ་༨༡རེད་འདུག་སྟབས། ཚང་མས་ཐུགས་སྨོན་གང་ལེགས་གནང་རོགས་ཞེས་ཞུ་རྒྱུ་ཡིན།

མཉམ་དུ་གནད་དོན་གཞན་ཞིག་ཞུས་པ་ཡིན་ན། གཞི་རྩ་བོད་མིའི་རང་ལུས་མེར་སྲེག་སྐོར་དང་སྤྱི་ཡོངས་བོད་ཀྱི་གནས་སྟངས་ཐོག རྒྱ་ནག་གཞུང་གིས་ཧམ་བཤད་ཐོག་ག་རེ་ཤོད་ཀྱིན་ཡོད་པ་རེད་ཟེར་ན། རང་ལུས་མེར་སྲེག་ནི་ཕྱི་ལགས་སུ་ཡོད་པའི་ཏཱ་ལའི་རུ་ཚོགས་ཀྱིས་སྐུལ་སློང་བྱེད་པ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་དེ་སྔོན་ཕྱི་ཟླ་༡༡དང་༡༢ནང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཨ་རི་དང་། ཡོ་རོབ་མཐུན་ཚོགས་སོགས་རྒྱལ་སྤྱིའི་གཞུང་དང་ཚོགས་པ་ཁག་མང་པོ་ཞིག་གིས་གསལ་བསྒྲགས་དང་ལམ་ཕྱོགས་ལས་རང་ལུས་མེར་སྲེག་ནི་རྒྱ་ནག་གཞུང་གི་མཁྲེག་འཛིན་གྱི་སྲིད་བྱུས་ལས་བྱུང་བ་ཞིག་རེད་འདུག་ཅེས་འཇུག་བསྡོམས་དེ་ལྟར་བརྒྱབ་ཡོད། འོན་ཀྱང་རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་དང་། དྲ་རྒྱ་ཁག་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན་ཁོང་ཚོས་རང་ལུས་མེར་སྲེག་ནི་བཙན་བྱོལ་བོད་མིས་སྐུལ་སློང་བྱས་པ་ཡིན་ཚུལ་མུ་མཐུད་ནས་འབད་བརྩོན་གྱིས་ཚུར་སྐྱོན་འཛུགས་བྱ་རྒྱུ་དེ་རེད་འདུག

ང་ཚོའི་ངོས་ནས་ཡིད་གཟབ་དང་། ལུས་འགུལ་སྤེལ་ཡ། ཞུ་གཏུགས་ཕུལ་ཡ། གསར་འགྱུར་བརྒྱུད་ལམ་ཁག་ལ་གསལ་བསྒྲགས་སྤེལ་ཡ་སོགས་མུ་མཐུད་གནས་དགོས་ཡ་དང་། ད་དུང་དེའི་ཐོག་སྔར་ལྷག་ཤུགས་ཆེ་རུང་གཏོང་དགོས་ཀྱི་ཡོད་པ་རེད་ཞེས་ཞུ་རྒྱུ་ཡིན། གལ་ཏེ་རྒྱ་ནག་གཞུང་གིས་ཁོ་རང་ཚོའི་ཧམ་བཤད་དེར་ཡིད་ཆེས་བྱེད་ཀྱིན་ཡོད་པ་ཡིན་ན། ད་ལྟ་བར་ང་ཚོ་བོད་མིའི་སྒྲིག་འཛུགས་ངོས་ནས་ཞུ་བཞིན་པ་ལྟར་ལག་ལེན་བསྟར་དགོས་ཀྱི་ཡོད་པ་རེད།

དེ་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་གི་ཚོགས་པ་ཁག་མང་པོ་ཞིག་གིས་བོད་ཀྱི་ས་ཁུལ་ཁག་ལ་འགྲོ་ཆོག་པ་དང་ཉམས་ཞིབ་བྱེད་ཆོག་པའི་རེ་སྐུལ་བྱས་ཡོད། གཞུང་འབྲེལ་ཐོག་ནས་རེ་འདུན་ཞུས་ཡོད་པ་རེད། དེར་བརྟེན་གལ་ཏེ་རྒྱ་ནག་གཞུང་ལ་བདེན་པ་ཡོད་པ་ཡིན་ན། ཁོ་རང་ཚོའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གང་བཤད་པ་དེ་གཅིག་པུ་མིན་པར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་སྐུ་ཚབ་དེ་འདྲ་བོད་ཀྱི་ས་གནས་ཁག་ལ་ཕེབས་བཅུག་ནས་དངོས་ཡོད་གནས་ཚུལ་ཞིབ་འཇུག་བྱེད་ཐུབ་པ་ཡིན་ན་བདེན་པ་རང་བཞིན་བསལ་འགྲོ་ཡི་རེད་ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། འདི་ལོ་ནི་བོད་ནང་གདུང་སེམས་མཉམ་སྐྱེད་ཀྱི་ལོ་དང་དེའི་ནང་དམིགས་བསལ་ཞུ་གཏུག་གི་ལོ་ཡིན་ཞེས་གསར་འགྱུར་བརྒྱུད་ལམ་ཁག་ནས་གསལ་བསྒྒགས་དང་འགྲེལ་བརྗོད་དེ་གལ་ཆེན་པོ་ཆགས་ཡོད་སྟབས། འཛམ་གླིང་སྤྱི་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་སྤྱི་འཐུན་ཚོགས་པ་མང་པོ་ཞིག་གིས་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་རེད་འདུག

ཚང་མས་མཁྱེན་གསལ་ལྟར་ང་ཚོ་རྒྱ་གར་ནང་ཡོད་པའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་གར་གྱི་མངའ་སྡེ་ཁག་སོ་སོར་ཕེབས་ནས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ཞུ་གཏུག་འགྲེལ་བརྗོད་བྱས་དང་བྱེད་བཞིན་པ་རེད་ལ། དེ་བཞིན་བཀའ་སྤྱི་གཉིས་ཀས་གོ་སྒྲིག་ཐོག་འདི་ལོ་ཕྱི་ཟླ་༡ཚེས་༣༠ཉིན་ནས་ཁྱོན་དུས་ཡུན་ཉིན་གྲངས་༤རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མི་མང་ཕོན་ཆེ་འདུ་འཛོམས་ཐོག་རྒྱ་གར་གྱི་གནད་ཡོད་མི་སྣ་གདན་འདྲེན་དང་། མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་བྱ་འཆར་ཡོད་པ་རེད། མི་མང་ནས་ཀྱང་དེའི་ཐོག་དོ་སྣང་དང་དང་བླངས་ཐོག་འཛུལ་ཞུགས་བྱ་རྒྱུར་ཐུགས་ལ་བཞག་རོགས་གནོངས་ཞུ་རྒྱུ་ཡིན།

བོད་དང་འབྲེལ་བའི་ཕྱི་ཟླ་༡༢པའི་ཟླ་འཇུག་དང་ཕྱི་ཟླ་དང་པོའི་ཟླ་འགོ་རུ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་ཚོགས་པ་རེད། ཉིན་གྲངས་༢རིང་བཀའ་སྡུར་ལྷུག་པོ་བྱུང་སོང་། དེའི་སྐབས་སྤྱི་ཡོངས་བོད་རྒྱ་འབྲེལ་ལམ་ཐོག་གང་འདྲ་བྱེད་དགོས་མིན་དང་། རྒྱ་ནག་གི་འགོ་ཁྲིད་གསར་པ་སླེབས་པའི་སྐབས་བོད་དོན་དེ་གནས་སྟངས་གང་འདྲ་ཞིག་ལ་བབས་ས་རེད། སྐུ་ཚབ་བསྐོ་སྟངས། དེ་བཞིན་རང་ལུས་མེར་སྲེག་བཅས་ཀྱི་ཐད་སྤྱི་ཡོངས་ནས་གྲོས་སྡུར་ལྷུག་པོར་བྱུང་སོང་།

ཁ་སེང་གསར་འགོད་གསལ་བསྒྲགས་ནང་ཞུས་པ་ནང་བཞིན་ཕྱི་ཟླ་༣པའི་ནང་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོག་རྒྱུ་ཡིན་པ་རེད། འཐུས་མི་ཚོགས་ཆེན་ཚོགས་ཚར་རྗེས་སུ་ང་ཚོའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་འཛོམས་ནས་ལས་དོན་ཐད་བསྐྱར་དུ་བསྐྱར་ཞིབ་གནང་དགོས་ཀྱི་འདུག་ཅེས་གསུངས་ཡོད།

དེའི་དགོས་དམིགས་ནི་གཞི་རྩའི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་ནག་དམར་པོ་ཚོགས་པའི་སྐབས་༡༨པའི་ཚོགས་འདུ་ནང་རྒྱ་གཞུང་གི་འགོ་ཁྲིད་གསར་པ་༧བདམས་ཡོད་པ་རེད་ཅེས་ཡོངས་གྲགས་བཤད་བསྡད་ཡོད་པ་རེད། དངོས་ཡོད་གནས་ཚུལ་ལ་ད་ལྟ་རྒྱ་ནག་ནང་འགོ་ཁྲིད་༧མ་རེད་ཁྱོན་༡༦ཡོད་པ་རེད། གང་ཡིན་ཟེར་ན་སྔོན་མའི་འགོ་ཁྲིད་༩དང་བསྐྱར་དུ་བདམས་པའི་༧བཅས་ཡོད་པ་རེད། འདི་ལོ་ཕྱི་ཟླ་༣པའི་ནང་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཚོགས་ཚར་རྗེས་སུ་ཧུའུ་ཅིང་ཐའོ་སྲིད་འཛིན་གྱི་གོ་གནས་ལས་བབས་དགོས་པ་དང་། དེ་བཞིན་ཝུན་ཅཱ་པའོ་ཡིས་སྲིད་བློན་གྱི་གོ་གནས་མཚམས་བཞག་དགོས་ཀྱི་ཡོད་པ་རེད།

དེའི་རྗེས་སུ་སྲིད་འཛིན་ཞི་ཅིན་ཕིང་དང་། སྲིད་བློན་ལི་ཁེ་ཆང་ཆགས་རྒྱུ་ཡིན་པ་རེད། ཚོགས་འདུ་དེ་ཚར་རྗེས་སྲིད་འཛིན་ཞི་ཅིང་ཕིང་གི་དགོངས་ཚུལ་དང་རྒྱ་ནག་གི་གནས་ཚུལ་སྤྱི་ཡོངས་དང་། ལྷག་པར་རྒྱལ་སྤྱི་དང་། ཨེ་ཤ་ཡ། དེ་བཞིན་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ལངས་ཕྱོགས་གང་ཡིན་གསུང་དགོས་ཀྱི་ཡོད་པ་རེད། དེ་གསུངས་པར་གཞིར་བཞག་ཐོག་ང་ཚོའི་ཚོགས་ཆུང་དེ་ཡང་བསྐྱར་འཛོམས་ནས་གནས་ཚུལ་ལ་བསྐྱར་ཞིབ་དང་། ཚོགས་ཆུང་ནང་ཚོགས་མི་འགྱུར་བ་གཏོང་བའི་ཐོག་ཚོགས་མི་གསར་པ་བསྐོ་རྒྱུ་དེ་བཀའ་ཤག་ལ་སྔོན་མ་ནས་དགོངས་བཞེས་ཡོད་པ་རེད། ཚོགས་ཆུང་གསར་པ་བསྐྱར་དུ་འཛོམས་པའི་ཐོག་ནས་ལས་དོན་ག་རེ་དང་ག་རེ་བྱེད་དགོས་མིན་ཐོག་གྲོས་སྡུར་ལྷུག་པོ་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།