ལྡི་ལིའི་མཛད་འཕྲིན་རྣམས་གྲུབ་ཏེ་འབྲས་སྤུངས་ཏུ་ཆིབས་བསྒྱུར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༥ཉིན། ༧སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། གདན་ས་ཆེན་པོ་འབྲས་སྤུངས་ཏུ་ཚོགས་འཆར་ཡོད་པའི་༼སེམས་དང་སྲོག༽གི་བགྲོ་གླེང་ཚོགས་ཆེན་སོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་འདུག

 

ཕྱི་ལོ་༢༠༡༣ཟླ་༡ཚེས་༧ནས་༡༠བར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཝར་ཎཱ་མཐོ་སློབ་ཏུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བཀའ་ཆོས་ལེགས་པར་གྲུབ་རྗེས། ཕྱི་ཚེས་༡༢ དང་ ༡༣ ཉིན་གཉིས་རིང་ཁུལ་དེར་གནས་གཟིགས་མཛད་པ་དང་སྦྲགས། ཝར་ཎཱའི་དགེ་ལས་སློབ་ཕྲུག་རྣམས་དང་ཁུལ་དེར་རྟེན་གཞི་བྱས་ཡོད་པའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་སེར་སྐྱ་མང་ཚོགས་ལ་བཀའ་སློབ་ལམ་སྟོན་བསྩལ་ཡོད་འདུག

གཞན་ཡང་། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོགས་ཁང་དུ། ༧མགོན་པོ་གང་ཉིད་དང་དབྱིན་ཡུལ་ནས་ཕེབས་པའི་ཡེ་ཤུའི་ཆོས་དཔོན་(Laurence Freeman)རྣམ་གཉིས་ཀྱིས་ནང་པ་དང་ཡེ་ཤུའི་ཆོས་ལུགས་གཉིས་ཀྱི་ཉམས་ལེན་བྱེད་སྟངས་དང་ལྟ་གྲུབ་མཚུངས་ཕྱོགས། དེ་བཞིན་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་མཛད་ཡོད་པ་དང་། བགྲོ་གླེང་ལྷན་ཚོགས་དེར་རྒྱལ་ཁབ་འདྲ་མིན་ནས་ཁྱོན་མི་གྲངས་༡༠༠ལྷག་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་གྱི་ཉིན་གུང་རྒྱབ་ཏུ་༧མགོན་པོ་གང་ཉིད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་གྱིས་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མཚམས་སུ།  ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གི་གཙོས་གནད་ཡོད་མི་སྣ་ཁག་ཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། ཕྱི་ཚེས་༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ཙམ་ལ། ལྡི་ལི་གཙུག་ལག་སློབ་ཆེན་(Delhi University)དུ་ཚན་རིག་དང་བཟང་སྤྱོད་ལ་གཞི་བཅོལ་བའི་དེང་དུས་ཀྱི་ཤེས་ཡོན་(Science, Ethics and Education) སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་ལྟར། ༧མགོན་པོ་གང་ཉིད་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་འདུག་ལ།  བགྲོ་གླེང་ལྷན་ཚོགས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཝར་ཎཱ་གཙུག་ལག་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས། དེ་བཞིན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་མཆོག་དང་ངེས་སྟོན་པ་མཆོག་བཅས་ལྷན་ཞུགས་གནང་ཡོད་པ་མ་ཟད།  ཨ་རིའི་ཀླད་ཁམས་རིག་པའི་མཁས་དབང་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སན་མཆོག་(Richard Davidson)དང་།  སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཨ་རི་བ་ལྕམ་སྐུ་ཏ་ནི་ཡ་སིང་གར་ (Tania Singer) ལགས་ཀྱིས་དབུས་ཁྱད་ལས་པ་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་༡༠༠ལྷག་ལྷན་ཞུགས་གནང་ཡོད་འདུག

དེ་རིང་ཕྱི་ཚེས་༡༥ཉིན། གྷོ་བ་བརྒྱུད་དེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་༡༧ནས་༢༢བར་སྐོང་ཚོགས་གནང་འཆར་ཡོད་པའི་༼སེམས་དང་སྲོག༽གི་བགྲོ་གླེང་ཚོགས་མགོན་དུ་ཕེབས་རྒྱུ་ཡིན་པ་དང་། དེ་ཡི་མཛད་འཕྲིན་རྣམས་ལེགས་པར་འགྲུབ་རྗེས་གྲོང་ཁྱེར་བྷང་བྷེའི་མཐོ་རིམ་སློབ་གྲྭ་ཆེན་མོ་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་གསུང་བཤད་གནང་རྒྱུ་དང་། དེ་ནས་གྲོང་ཁྱེར་དེར་རྒྱལ་སྤྱིའི་རྩོམ་པ་པོའི་དུས་ཆེན་ཞིག་ཚོགས་འཆར་ཡོད་པ་དབུ་འབྱེད་བཅས་གནང་གྲུབ་རྗེས། ཐད་ཀར་མཁའ་ལམ་བརྒྱུད་དེ་བཞུགས་སྒར་དུ་ཞབས་སོར་འཁོད་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།