སྐྱེས་པ་ཚོས་གང་ཐུབ་པ་དེ་ང་ཚོས་ཀྱང་ཐུབ་ཀྱི་ཡོད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༠ཉིན། ལོ་ན་༡༨ལ་སོན་པའི་བུ་མོ་ལྷ་མོ་སྐྱིད་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་ཐོག་མའི་རྐང་རྩེད་སྤོ་ལོའི་རུ་དཔོན་ཞིག་ཡིན་ཞིང་། ལོ་ན་༣༣ཡིན་པའི་ཁོ་མོའི་གཅེན་པོ་ཚེ་བརྟན་རྡོ་རྗེ་ལགས་ལ་བལ་ཡུལ་གཞུང་གིས་ལོ་ ༥དང་ཟླ་བ་༥ཞག་༥ཡི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་ལྟ་བལ་ཡུལ་གྱི་བཙོན་ཁང་ཞིག་གི་ནང་ཡོད་པ་རེད།

 

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་གྷོ་པལ་ཕུ་བོད་ཁྱིམ་སློབ་གྲྭའི་ནང་། ཨ་རི་བའི་སློབ་སྟོན་པ་ཞིག་གིས་ཐེངས་གཉིས་པའི་བཙན་བྱོལ་བོད་མིའི་རྐང་སྤོ་རུ་མི་འདེམས་སྒྲུབ་དང་། ཁོང་ཚོའི་རྒྱལ་སྤྱིའི་བོད་ཀྱི་རྐང་སྤོ་རུ་ཁག་༼སང་ཉིན་གྱི་སྐར་ཆེན་༽ཞིག་ཏུ་འགྱུར་བར་སྦྱོང་བརྡར་སྤྲོད་བཞིན་འདུག་པ་དང་། དེར་ཁྱོན་བོད་པའི་བུ་མོ་༣༠འདུག་པར་ཚང་མ་ལོ་ན་༡༢ནས་༢༣བར་རེད་འདུག་ལ། སྐབས་དེར་ངོས་རང་བུ་མོ་ལྷ་མོ་སྐྱིད་དང་ཐུག་བྱུང་།

ཕྱི་ཟླ་དང་པོའི་གྲང་ངར་གྱིས་མདུན་ནས་བསུ་བཞིན། ཉི་འོད་འཕྲོ་བའི་ཕྱི་དྲོ་དེར་ཁོ་མོ་རྩྭ་ཐང་གི་སྟེང་དུ་བསྡད་དེ། སྔ་ལོ་ཕྱི་ཟླ་༣པའི་ནང་ཁོ་མོ་དང་ཁོ་མོའི་གཅེན་པོ། དེ་བཞིན་ལོ་ན་༥༣ལ་སོན་པའི་ཨ་མ་ལྡོམ་པོ་སྐྱིད་བཅས་ཀྱིས་དྷ་ས་ནས་ལྷ་ས་བར་ཞི་བའི་གོམ་བགྲོད་སྐབས་རྒྱ་བལ་བར་གྱི་ས་མཚམས་སོ་ནཱ་ལིན་དུ་བལ་ཡུལ་ཉེན་རྟོག་པས་བཀག་ཉར་དང་རྡུང་རྡེག་བཏང་བའི་ལོ་རྒྱུས་རྣམས་བརྗོད་དོན།

ས་མཚམས་དེར་ངའི་ཨ་མ་ན་བ་མ་ཟད། ང་ཚོར་སྐྱབས་བཅོལ་གྱི་ལག་དེབ་མེད་སྟབས་ང་དང་ངའི་ཨ་མའི་མིག་གིས་རིག་ས་ནས་བལ་ཡུལ་ཉེན་རྟོག་པས་ངའི་གཅེན་པོར་རྡུང་རྡེག་བཏང་སོང་ལ། དེ་ཉིན་ཆར་ཞོད་ཤིན་ཏུ་ཆེ་ཞིང་། ཉིན་མོར་ཁོང་ཚོས་ཅི་ཡང་མི་བྱེད་རུང་མཚན་མོར་གཞན་གྱིས་མི་མཐོང་སར་གང་བྱུང་གིས་ཁྲེལ་མེད་ལུགས་མེད་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་རྗེས་ཁོང་ཚོ་གསུམ་པོ་བལ་ཡུལ་ཉེན་རྟོག་པས་ཕྱིར་རྒྱ་གར་གྱི་ས་ཆ་གྷོ་རཱ་ཕུར་བསྐྱལ་རྗེས། མགྲོན་ཁང་ཞིག་གི་ནང་བུ་མོ་ལྷ་མོ་སྐྱིད་ཀྱིས་ཨ་མ་དྲག་སྐྱེད་ཡོང་བར་ཉིན་༣བར་སྒུག་ནས་བསྡད། ཉིན་ཞིག་གི་ཞོགས་པར་ཨ་མ་དང་བུ་མོ་གཉིས་པོ་གཉིད་ལས་སད་དུས་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་སྟབས། ཨ་མ་ཧོན་འཐོར་ནས་ངའི་བུ་ག་པར་འདུག་ཅེས་སྐད་རྒྱག་བཞིན་ངས་ཁོང་ག་པར་འདུག་འཚོལ་བར་འགྲོ་རྒྱུ་ཡིན་ཞེས་ངུ་འབོད་བྱས།

ལྷ་མོ་སྐྱིད་ཀྱིས། ཉིན་གཅིག་གཉིས་རྗེས་ལྡི་ལི་ནས་གྲོགས་པོ་ཞིག་གི་ཨ་མར་ཁ་པར་འབྱོར་བྱུང་ལ། ཁོང་གིས་ངའི་གཅེན་པོ་བལ་ཡུལ་ནང་འཛུལ་ནས་ལམ་ཐག་སྤྱི་ལེ་༧༠ཙམ་བརྒལ་ཟིན་ཡོད་ལུགས་འགྲེལ་བརྗོད་གནང་བྱུང་ཟེར། ཅུང་མ་འགོར་བར་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་། བུ་མོ་ལྷ་མོ་སྐྱིད་དང་ཨ་མ་ལྡོམ་པོ་སྐྱིད་རྣམ་གཉིས་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ལོག་པ་ནས་བཟུང་ད་ལྟ་བར་ཚེ་བརྟན་རྡོ་རྗེ་ལགས་དང་ཐུག་འཕྲད་རྩ་བ་ནས་བྱུང་མེད་ཅིང་། ཨ་མ་ལྡོམ་པོ་སྐྱིད་ཀྱིས་དྷ་ས་གཙུག་ལག་ཁང་གི་མདུན་དུ་དུས་ཡུན་ཆུ་ཚོད་༤༨རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།

ཨ་རིའི་མངའ་སྡེ་ནེའུ་ཇེར་སི་ནས་ལོ་ན་༣༡ཡིན་པའི་བུ་མོ་ Cassie ཀཱ་སི་ལགས་ཀྱིས། ཟླ་བ་༢རིང་གི་ཞི་བའི་གོམ་བགྲོད་ནང་ལམ་འགྲམ་གྱི་ས་སྟོང་དང་ལྷ་ཁང་དེ་དག་ནང་། བུ་མོ་ལྷ་མོ་སྐྱིད་ཀྱིས་མཚན་མོ་རེ་རེར་ས་འཁྱག་སྟེང་ནས་གྲང་ཤུལ་ཤུལ་གྱི་ཚོར་བ་མྱངས་ཡོད་སྟབས། དེས་ངོས་ལ་སེམས་ཚོར་མ་འདྲ་བ་ཞིག་སྦྱིན་བྱུང་། ངས་ཁོ་མོ་ཕྱིར་དྷ་སར་འབྱོར་རྗེས་ཉིན་འགའ་ཤས་རྗེས་མཐོང་བྱུང་ལ་དུས་ཚོད་དེ་ནི་ཕྱི་ཟླ་༤པའི་ཚེས་༢༥ཉིན་ང་ཚོའི་ཆེས་ཐོག་མའི་རྐང་རྩེད་སྤོ་ལོ་འགོ་འཛུགས་བྱ་རྒྱུར་དུས་ཡུན་བདུན་ཕྲག་གཅིག་ལས་མེད་པའི་མཚམས་དེ་རེད། སྐབས་དེར་ངས་གལ་སྲིད་ཁོ་མོར་འདོད་པ་ཡོད་ཚེ་ང་ཚོའི་རྐང་སྤོ་རུ་ཁག་ནང་འཛུལ་ཞུགས་ཀྱིས། རུ་དཔོན་དུ་བསྐོ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་པ་ཡིན།

ཁོ་མོ་ནི་བོད་པའི་བུ་མོའི་ལོ་རྒྱུས་ནང་ཆེས་ཐོག་མའི་རྐང་རྩེད་སྤོ་ལོའི་རུ་དཔོན་ཆགས་པ་དང་། ཁོ་མོའི་འབད་བརྩོན་དང་ཆོད་སེམས་དེས་བོད་པའི་བུ་མོ་རྣམས་ལ་བླ་མེད་ཀྱི་སྙིང་སྟོབས་སྦྱིན་ཡོད་ལ།
བུ་མོ་ལྷ་མོ་སྐྱིད་ནི་བོད་བྱང་ཤར་ཕྱོགས་ཨ་མདོའི་ཡུལ་ནས་སྐྱེས་ཤིང་། ལོ་ན་༨སྟེང་ཧི་མ་ལ་ཡའི་རི་བོ་བརྒལ་ནས་རྒྱ་གར་ལ་འབྱོར། ཁོ་མོས་ངའི་ཆེས་སྐྱིད་སྣང་དོད་པའི་ཚོར་བ་ནི་རྐང་རྩེད་སྤོ་ལོ་རྩེ་བའི་དུས་ཡུན་དེ་ཡིན་ཞེས་གསུངས་བྱུང་།

ཁོ་མོས་ང་རང་རྩེད་རིགས་དང་དམིགས་བསལ་ལག་རྩེད་སྤོ་ལོ་ལའང་དགའ་པོ་ཡོད། འོན་ཀྱང་ལོ་སྔོན་མའི་ནང་ངས་རྐང་རྩེད་སྤོ་ལོ་སྐོར་གང་ཡང་མི་ཤེས་རུང་། ཐེངས་སྔོན་མའི་རྐང་རྩེད་སྤོ་ལོ་སྦྱོང་བརྡར་དང་འགྲན་སྡུར་སྐབས་ང་ཚོས་རྐང་རྩེད་སྤོ་ལོའི་སྒྲིག་གཞི་ཡོངས་སུ་ཤེས་རྟོགས་བྱུང་ལ། དེ་ནས་བཟུང་རྐང་རྩེད་སྤོ་ལོ་ལ་དགའ་ཞེན་དང་དོ་སྣང་ཆེན་པོ་ཆགས་བྱུང་། རྐང་རྩེད་སྤོ་ལོ་བརྒྱུད་ནས་ང་རང་ལ་སྤོབས་པ་སྦྱིན་བྱུང་། ང་ཚོ་བོད་པའི་བུད་མེད་ལ་ཆེས་ཐོག་མའི་རྐང་རྩེད་སྤོ་ལོ་རུ་ཁག་ཡོད་ལ། ང་ཚོས་རྩེད་མོ་རྩེ་སྐབས་ལྟད་མོ་བ་ཚོར། ང་ཚོས་འབད་བརྩོན་བྱས་ཚེ་བུ་མོ་ཚོས་གང་ཡང་སྒྲུབ་ཐུབ་ཅེས་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་རེད་ཅེས་བརྗོད་གནང་བྱུང་།

རྩེད་མོའི་སློབ་སྟོན་པ་Cassie ཀཱ་སི་ལགས་ཀྱིས། ང་ཚོས་བོད་པའི་བུ་མོ་ཚོར་རྐང་རྩེད་སྤོ་ལོ་ཁྲིད་སྟོན་བྱས་པ་བརྒྱུད། དམིགས་ཡུལ་གཙོ་བོ་གཉིས་བཟུང་ཡོད། གཅིག་བུ་མོ་སྤྱི་དང་བྱེ་བྲག་བོད་པའི་བུ་མོར་བློ་སྤོབས་སྦྱིན་ཆེད་དང་། གཉིས་སྦྱོང་བརྡར་འདི་བརྒྱུད་རྒྱ་གར་གྱི་བུ་མོ་རྐང་སྤོལ་རུ་ཁག་རྩེ་ཕུད་དང་འགྲན་སྡུར་ཐུབ་པའི་དམིགས་ཡུལ་བཟུང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།