༧གོང་ས་མཆོག་གིས་ཝར་ནཱ་མཐོ་སློབ་ཏུ་ཆོས་འབྲེལ་གནང་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༨ཉིན། ༧སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་ཝར་ནཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གྲངས་༤རིང་གི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་བཀའ་དྲིན་སྐྱོང་བཞིན་ཡོད་འདུག

 

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༧ ཉིན་རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཝ་ར་ཎཱ་སིར་རྟེན་གཞི་བྱས་པའི་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ། ཝར་ཎཱ་དབུས་གཙུག་ལག་སློབ་གཉེར་ཁང་དང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་གཉིས་ཐུན་མོང་གོ་སྒྲིག་ཐོག་སློབ་གཉེར་ཁང་གི་དུས་འཁོར་ཐང་ཆེན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ཆེན་མོ་ཞི་བ་ལྷས་མཛད་པའི་ཆོས་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དགའ་ལྡན་བྱང་རྩེ་ཆོས་རྗེ་མཆོག་དང་། ཁྲ་འགུ་རིན་པོ་ཆེ་མཆོག ཀ་ཏོག་སྒེར་རྩེ་རིན་པོ་ཆེ་མཆོག རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམ་པ་དང་། ཕྱི་རྒྱལ་ཡུལ་ཁག་ ༤༦ དང་རང་རིགས་སོགས་ཆོས་ཞུ་བ་ཁྱོན་མི་གྲངས་ ༧༠༠༠ བརྒལ་བ་ལྷན་འཛོམས་ཐོག་༸རྒྱལ་བའི་ཕོ་བྲང་ནས་ཝར་ཎཱ་གཙུག་ལག་སློབ་གཉེར་གྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ཤྲི་རི་ལངྒའི་སྐུ་ཞབས་ཁག་གཅིག་ནས་པཱ་ལིའི་སྐད་དུ་བཀྲ་ཤིས་པའི་མདོ་དང་ཝར་ཎཱ་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་གཅིག་ནས་ལེགས་སྦྱར་སྐད་དུ་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་མཚམས། ཝར་ཎཱ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་གྱི་སྔོན་འགྲོའི་བཀའ་སློབ་ཕེབས་དོན། གནས་མཆོག་ཝ་ར་ཎཱ་སི་འདིར་མང་ཚོགས་ལ་ཆོས་འབྲེལ་བྱེད་རྒྱུ་དང་། བཅོམ་ལྡན་འདས་རང་ཉིད་ཀྱིས་ཆོས་འཁོར་ཐོག་མར་བསྐོར་བའི་གནས་ཁྱད་པར་ཅན་ཞིག་ཆགས་ཡོད། ཧིན་རྡུའི་ཆོས་བརྒྱུད་མི་འབུམ་ཕྲག་མང་པོས་རྩ་ཆེར་རྩི་བཞིན་ཡོད་པའི་གནས་ཁྱད་པར་ཅན་ཞིག་རེད། དེ་རིང་འདིར་ཆོས་འབྲེལ་བྱེད་རྒྱུ་དེ་བྱང་ཆུབ་སེམས་དཔའ་ཞི་བ་ལྷའི་བྱང་ཆུབ་སེམས་འབྱུང་གི་གདམས་པ་ཕུལ་དུ་ཕྱིན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཆོས་འབྲེལ་བྱེད་རྒྱུ་དང་། ནམ་རྒྱུན་ཝ་ར་ཎཱ་སིར་ཚ་བ་ཆེན་པོ་ཡོད་པའི་སྐད་གྲགས་ཡོད།

དེར་བརྟེན་གནམ་གཤིས་གྲང་མོ་བྱས་ན་གྲང་མོ་སྟོན་གྱི་ཡོད། བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་ཆོས་བརྒྱུད་དཔལ་ན་ལེནྡྲའི་ནས་བཀའ་དྲིན་ཅན་གྱི་བྱང་ཆུབ་སེམས་དཔའ་མཁན་ཆེན་ཞི་བ་འཚོ་ཆོས་རྒྱལ་གྱི་གདན་ཞུ་དང་སློབ་དཔོན་ཆེན་པོ་ཐུགས་རྗེ་ཅན་གྱི་མི་དང་མི་མིན་གྱི་འགལ་རྐྱེན་མཐའ་དག་སེལ་བའི་ཕྱག་རོགས་གནང་སྟེ་སངས་རྒྱས་བསྟན་པ་ཚུགས་པ་རེད། ན་ལེནྡྲའི་ཆོས་བརྒྱུད་ཀྱི་རྩ་བ་པཱ་ལིའི་གཞུང་དེ་དག་སངས་རྒྱས་ཆོས་ཀྱི་རྨང་གཞི་ཆགས་ཏེ་འདུལ་བའི་ཉམས་ལེན་པཱ་ལིའི་གཞུང་དང་གཅིག་པ་ཆགས་ཡོད། སྡེ་པ་མི་འདྲ་བའི་ཕྲན་བུའི་ཁྱད་པར་མ་གཏོགས་འདུལ་བའི་ཉམས་ལེན་གྱི་ལག་ལེན་དེ་དག་དེང་སང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ནང་པའི་ཡུལ་གྲུ་ཁག་དང་ང་ཚོ་གཅིག་པ་ཆགས་ཡོད་པ་མང་པོས་ཤེས་ཀྱི་མི་འདུག ཐེག་པ་ཆེ་ཆུང་ཟེར་བའི་ཐ་སྙད་ཐོག་ནས་ཁྱད་པར་མཐོང་བ་དེ་མིན། དཔལ་ན་ལེནྡྲའི་ཆོས་ཀྱི་སངས་རྒྱས་བསྟན་པའི་རྨང་གཞི་འདུལ་བའི་ཞབས་འཛིན་དགོས་ཀྱི་ཡོད། འདུལ་བ་འཛིན་པས་བསྟན་པའི་རྨང་འཛིན་ལ་པཱ་ལིའི་གཞུང་དང་ཐུན་མོང་ཆགས་ཡོད། ཅེས་སོགས་དང། ཡང་བཀའ་སློབ་ཕེབས་དོན། དེ་རིང་འདིར་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་མང་པོ་ཞིག་འདུག

ལྷག་པར་ཁྱེད་རྣམས་བོད་ནས་གསར་འབྱོར་ཚོ་ཁག་གཅིག་ཡོད། དེ་རིང་ཁ་སང་བོད་ནང་སངས་རྒྱས་ཀྱི་ཆོས་འགྲེལ་བཤད་རྒྱག་མཁན་དཀོན་པོ་དང་ཁག་པོ་ཆགས་ཡོད་པ་མ་ཟད་གོ་སྐབས་ཀྱང་མེད། ཁྱེད་རྣམས་ཚར་གཅིག་སླེབས་སྟབས་གཟབ་ནན་ཐོག་ནས་ཉོན་ཨང་། དེ་ནས་ཁྱེད་རྣམས་དེ་སྔ་སངས་རྒྱས་ཆོས་དང་འབྲེལ་བ་མེད་པའི་མི་གང་ཙམ་སླེབས་ཡོད། དེ་བཞིན་ཀོ་རི་ཡ་དང་རྒྱ་ནག་ནས་རྒྱ་རིགས་སོགས་གང་ཙམ་སླེབས་ཡོད། སྤྱིའི་གནས་སྟངས་ཏོག་ཙམ་ཤེས་ན་ཁྱད་པར་ཡོང་གི་རེད། འཛམ་བུ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད། དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་ཡིན་པ་རྒྱུ་མཚན་བཀོད་མི་དགོས་པ་རེད། དུང་ཕྱུར་བདུན་ཅུ་དེའི་ནང་སུ་གཅིག་གི་རྙོག་གྲ་འདོད་མཁན་གཅིག་ཀྱང་མེད། ངོས་ཀྱིས་ནམ་རྒྱུན་རྙོག་གྲའི་དཀྱིལ་དུ་ཚུད་མཁན་མི་ཚོའི་གྲས་ཞོགས་པ་ལངས་དུས་ནས་དེ་རིང་རྙོག་གྲ་ཉུང་ཙམ་བྱུང་ན་བསམ་དྲན་སྡོད་མཁན་གཅིག་པ་རེད་མ་གཏོགས་དེ་རིང་རྙོག་གྲ་མང་ཙམ་བྱུང་ན་ངས་དེར་གདོང་ལེན་བྱས་བསམ་དྲན་མཁན་ཧ་ལམ་མེད། དེ་ལྟར་ཡིན་ན་འཛམ་གླིང་ལྷོ་བྱང་ངམ་ཤར་ནུབ་དངོས་པོ་ཡར་རྒྱས་ཕྱིན་པ་དང་མ་ཕྱིན་པའི་ལུང་པའི་ནང་རྙོག་གྲ་མང་པོ་ཞིག་མིས་བཟོས་པ་རེད། ཚན་རིག་པ་ཚོས་ཁོར་ཡུག་གཏོར་སྐྱོན་ཡོང་རྒྱུ་གང་ལ་གང་ཙམ་ཞིག་མིའི་འདོད་རྔམ་གྱིས་ཁོར་ཡུག་འབག་བཙོག་བཟོས་པ་དང། དེ་བཞིན་བཟོ་གྲྭའི་དུག་རླངས་དེ་ཚོའི་གྲས་ཀྱིས་གནམ་གཤིས་འགྱུར་བ་འགྲོ་གི་ཡོད་པ་ཤོད་ཀྱི་འདུག ཅེས་སོགས་བཀའ་སློབ་བསྩལ་ཏེ་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མགོན་པོ་མཆོག་གིས་གསུང་དོན་བོད་རྒྱུད་ནང་བསྟན་རྗེས་འབྲངས་ཅིག་མཚུངས་ཡིན་ཀྱང་ཞྭ་མོས་ཚོན་མདོག་གི་ཕྱོགས་འཐེན་ཕྲན་བུར་ཡོང་གི་འདུག་འདི་ཚོར་རྩ་བ་ནས་ཡག་པོ་མ་རེད་གསལ་པོ་གསུངས་སོང་ག་དུས་ཡིན་ན་གསུང་གནང་བ་འདི་རིགས་བླ་སྤྲུལ་དགེ་བཤེས་ཁ་ཤས་གོ་བ་རྩ་མ་གཏོགས་དངོས་སུ་འགྱུར་བཅོས་རྩ་བ་ནས་གནང་གི་མི་འདུག་ཆོས་གྲལ་དུ་ཁྲབ་སྟོན་གྱི་རྣམ་པར་བསྟན་ཡག་ཕེབས་པའམ་དད་གུས་གཏིང་ནས་ཆེ་བ་ཡིན་ནམ་དམ་ཚིག་བསགས་མཁན་ནམ་བསོད་ནམས་བསགས་མཁན་གང་ཡིན་གཟབས་གཟབས་གནང་ན་མ་གཏོགས་ཡག་པོ་མ་རེད་བསམ། དཔེ་ན་སྔར་ལོ་རྡོ་ལྡན་དུ་ཀརྨ་པ་ཨོ་རྒྱན་གསུང་ཆོས་བཅའ་འདུག་། ཀར་ལེར་སྦུགས་དུ་ཕེབས་སྐབས་སུ་ཞྭ་དམར་རིན་པོ་ཆེ་ཕེབས་བསུ་དང་གསུང་ཆོས་བཅའ་འདུག། བེེ་རི་མཁྱེན་བརྩེ་དང་ཁྲ་འགུ་མཁན་ཆེན་སོགས་བཅའ་འདུག་། འདི་ཚོས་དངོས་སུ་ལག་ལེན་ག་དུས་འགོ་བཙུགས་རྒྱུ་ཡིན་ནམ། བཙན་བྱོལ་གཞུང་གི་ཀཾ་ཚང་རྩོད་རྙོག་དང་དགེ་ལྡན་རྩོད་རྙོག་ ཇོ་ནང་རྩོད་རྙོག་འདི་ཚོར་རྩོད་རྙོག་ཁ་མཆུ་སོགས་སྡུམ་རོགས་གནང་ཐུབ་ཡག་མིན་འདུག་གོ། རྩོད་གླེང་འདིར་ཚོར་དབྱེན་དཀྲུགས་མེད་པར་སྡུམ་ཐུབ་པ་ཡིན་ན་བོད་གཞིས་བྱེས་ཡོངས་ལ་ཕན་པ་ཆེ་པོ་མཐོང་ཆོས་སུ་འདུག་། བོད་མི་རིགས་དང་ནང་ཆོས་སོགས་ཞབས་འདྲེས་ཆེ་པོ་བཟོ་དང་བྱེད་བཞིན་པ་འདི་རྣམས་ཞི་བདེ་དང་འཚེ་མེད་ལམ་དུ་གཏོང་རོགས་།།།།



བརྗོད་གཞི་གཞན་ཁག་ལ་གཟིགས།