ང་ཚོ་བོད་ཕྲུག་སློབ་མ་རྣམས་ལ་ག་རེ་མ་འདང་བ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༤ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན་བཞུགས་སྒར་དྷ་ས་ལའི་ཉེ་འགྲམ་དྷ་ཤོད་བོད་ཁྱིམ་གྱི་ཚོགས་ཁང་དུ། ༼བཙན་བྱོལ་བོད་མིའི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་༽དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་ཀྱི་མཛད་སྒོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ནས་བཀའ་སློབ་གསུང་བཤད་གནང་ཡོད།

ཐེངས་འདིའི་ཚོགས་ཆེན་ཐོག དབུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས། །བཙན་བྱོལ་བོད་མིའི་གཞི་རིམ་གོང་མ་དང་། འོག་མ། བར་མ་གསུམ་གྱི་སློབ་དགེ་ ༧༡ དང་། དམིགས་བསལ་ཆོས་དགེ་དང་སྔོན་འགྲོ་དགེ་རྒམ་བཅས་ཁྱོན་དགེ་རྒན་གྲངས་ ༡༤༠། བོད་མི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་༨། ཤེས་ཡོན་འགན་འཛིན་༣། མདུན་ལམ་སློབ་སྟོན་པ་༢ བཅས་ཁྱོན་མི་གྲངས་༡༥༣ཙམ་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་ཆེན་དབུ་འཛུགས་མཛད་སྒོར་སྲིད་སྐྱོང་མཆོག་གིས་གསུང་བཤད་ནང་དགེ་རྒན་ཚོས་སློབ་མར་སློབ་སྦྱོང་སྤྲོད་སྟངས་དང་། འགན་འཁུར། དེ་བཞིན་སློབ་མ་སློབ་སྦྱོང་ཡག་པོ་ཆགས་པར་ཕ་མ་དང་། སྤུན་མཆེད་ཚང་མར་འགན་དང་འབྲེལ་བ་ཡོད་པའི་ནང་གཙོ་བོར་དགེ་རྒན་ལ་རག་ལུས་ཡོད་ལུགས་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས།  ལོ་རེར་རྒྱ་གར་ནས་ཨ་རིར་སློབ་སྦྱོང་བྱེད་པར་འགྲོ་མཁན་སློབ་མ་སྟོང་ཕྲག་༩༠གོ་གྲངས་ཆགས་ཀྱི་ཡོད་པ་དང་། དེས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་ཡོངས་རྫོགས་ཀྱི་གྲངས་འབོར་དེ་ཆགས་ཡོད་པ་རེད། དེ་བཞིན་རྒྱ་ནག་ནས་ཀྱང་ཕ་ཆེར་སྟོང་ཕྲག་༩༦དང་༩༧དེ་འདྲ་འགྲོ་བཞིན་ཡོད་པ་རེད། བལ་ཡུལ་ཡན་ཆད་ནས་ཨ་རིར་སློབ་སྦྱོང་བྱེད་པར་སྟོང་ཕྲག་༧དང་༨དེ་འདྲ་འགྲོ་བཞིན་ཡོད་པ་རེད། །བལ་ཡུལ་པུ་གུ་དེ་ཚོ་དང་ཐུག་དུས་ཁོང་ཚོས་གྲོང་གསེབ་ནས་གོམ་པ་བརྒྱབ་ནས་གློག་ཀླད་དྲ་རྒྱ་ཡོད་སར་འགྲོ་ནས་སྙན་ཞུ་འབུལ་སྟངས་སྦྱངས་བ་དང་། ལོ་༡དང་༢་༣བཅས་ཀྱི་རྗེས་སུ་ཚུད་ནས་ཨ་རིར་སླེབས་མཁན་མང་པོ་འདུག རྒྱ་ནག་ནས་ཀྱང་གྲོང་གསེབ་ཁུག་ཀྱོག་དེ་འདྲ་ནས་སླེབས་པ་མང་པོ་འདུག

ད་འོ་ན་ང་ཚོ་བོད་པའི་པུ་གུ་དེ་ཚོར་ག་རེ་མ་འདང་བ་རེད། ང་ཚོ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་མང་ཆེ་བའི་ནང་གློག་ཀླད་ནི་འདུག དྲ་རྒྱ་ནི་འདུག མཚམས་རེར་ངོས་རང་སློབ་གྲྭ་ཁག་ལ་འགྲོ་དུས་སློབ་གྲྭའི་ནང་གློག་ཀླད་རྒྱ་དྲ་བེད་སྤྱོད་གཏོང་གིན་ཡོད་མེད་དྲིས་དུས། སྡེ་ཚན་འགན་འཛིན་གྱིས་གཏོང་གིན་ཡོད་པ་མ་རེད་ཟེར། ག་རེ་ཡིན་ནམ་ཞེས་དྲིས་དུས། །ཁོང་གིས་དྲ་རྒྱ་ཡོད་ན་པུ་གུ་དེ་ཚོས་ Facebook ངོ་དེབ་དང་། Chat དྲ་ཐོག་ཁ་བརྡ་ཁོ་ན་བྱེད་ནས་དུས་ཚོད་འཕྲོ་བརླག་གཏོང་གིན་འདུག་ཟེར། དེ་འདྲའི་མཐུན་རྐྱེན་ཡོད་ཀྱང་བེད་སྤྱོད་ཏག་ཏག་གཏོང་མ་ཐུབ་པ་དེ་སུ་ལ་གྱོང་རག་གིན་ཡོད་པ་རེད། ང་ཚོར་མཐུན་རྐྱེན་དེ་འདྲ་ཡོད་ཀྱང་ད་དུང་པུ་གུ་ཚོར་ག་རེ་འདང་གིན་ཡོད་པ་མ་རེད། དེ་དྲི་བ་ཆེ་ཤོས་རེད།

ང་ཚོས་ཕུག་གི་དམིགས་ཡུལ་དེ། ༧གོང་ས་མཆོག་གིས་དགོངས་པ་ལྟར། འདིར་ཡོད་པའི་དགེ་རྒན་དང་འགན་འཛིན་ཚང་མར། ཨ་རིའི་ནང་ཡོད་པའི་ཇིའུ་མི་རིགས་ལྟ་བུ་བསམ་བློ་དགོས་ཀྱི་ཡོད་པ་རེད། །དེ་བཞིན་ཨར་མན་ནིང་ལྟ་བུར་མཚོན་ནའང་ཁོང་ཚོ་ཇིའུ་མི་རིགས་ལྟ་བུ་ཡོད་པ་རེད། ཇིའུ་མི་རིགས་དེ་ཚོར་བཤད་སྲོལ་ཞིག་ཡོད་པ་རེད། ཕ་མར་པུ་གུ་གཉིས་ཡོད་པ་ཡིན་ན། གཅིག་དེ་ཨེམ་རྗེ་མ་ཆགས་ན། ཕ་མ་ཡིན་པ་གོ་མ་ཆོད་པ་དང་པུ་གུ་ཡིན་པའི་གོ་མ་ཆོད་པ་རེད་ཟེར་བའི་ཤོད་སྲོལ་ཡོད་པ་རེད། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕྱིན་པ་ཡིན་ན་གལ་སྲིད་ཁྱེད་རང་ཨེམ་རྗེ་༣ཐུག་པ་ཡིན་ན་གཅིག་ཇིའུ་མི་རིགས་ཡིན་ཤག་རེད།

ག་རེ་བྱས་ནས་དེ་འདྲ་བྱུང་བ་རེད་ཟེར་ན་སྤྱི་ཚོགས་ཁྱོན་ཡོངས་ནས་ཤེས་ཡོན་ལ་མཐོང་ཆེན་དང་ཤེས་ཡོན་ལ་དོ་སྣང་། ཤེས་ཡོན་ལ་མ་རྩ་འཇོག་པ་བཅས་ལས་བྱུང་བ་རེད། །ཨ་རིའི་ནང་ཇིའུ་མི་རིགས་ལབ་དུས། ཨ་རིའི་གཞུང་ནང་བལྟས་པ་ཡིན་ནའང་ཇིའུ་མི་རིགས་ཀྱིས་ཁེངས་བསྡད་ཡོད་པ་རེད། སྔོན་མ་ཡིན་ན་དཀྱིལ་ཤར་པཱ་ལི་སི་ཐན་དང་། ཨི་ཟི་རལ། ཨི་རན་བཅས་ཀྱི་གནད་དོན་ཐོག་ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པ་ཌི་ནིང་སི་རོ་སི་ནི་ཇིའུ་མི་རིགས་རེད།

ཨི་རན་དང་། པཱ་ལི་སི་ཐན་དང་ཨི་སི་རལ་བཅས་ཀྱི་གནད་དོན་ཐོག་ཨ་རིའི་སྲིད་འཛིན་ལ་སློབ་སྟོན་གནང་མཁན་ཇིའུ་མི་རིགས་ཤིག་ཡོད་པ་ཡིན་ན་དེ་གནས་སྟངས་གང་ལ་སླེབས་པ་རེད། ཌི་ནིང་སི་རོ་སི་ནི་སློབ་སྦྱོང་ཧ་ལས་པ་དེ་འདྲ་རེད། ལག་འཁྱེར་དང་། ཆེད་ལས། རིགས་གཅིག་རྐང་འཛིན་ཐོག་མཆོག་ཏུ་གྱུར་པ་ཞིག་ཡིན་དུས། ཁོང་ལ་སློབ་སྦྱོང་དང་། ལག་འཁྱེར། སློབ་གསོའི་ཉམས་མྱོངས་གང་གི་ཆ་ནས་ཀྱང་སུས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན་དུས་ཁོ་རང་བདམས་པ་རེད།

ད་ལྟ་ཨ་རིའི་ནང་བོད་པ་པུ་གུ་སློབ་སྦྱོང་ཡག་པོ་བྱེད་མཁན་དེ་འདྲ་མང་པོ་འདུག འོན་ཀྱང་ད་ལྟ་བར་དུ་ཨ་རིའི་གཞུང་གི་སྡེ་ཚན་ནང་ཡིག་ཚད་བཏང་ནས་ཚུད་པ་དེ་འདྲ་ད་ལྟ་བྱུང་ཡོད་པ་མ་རེད། གཅིག་བྱས་ན་ཡིག་ཚད་མ་བཏང་བ་ཡིན་གྱི་རེད། །འདིར་ལོར་USIDནས་ང་ཚོར་ཨ་སྒོར་ས་ཡ་༢རག་པ་རེད། འདི་ཕ་ཆེར་དང་ཤོས་དང་ཕོན་ཆེ་ཤོས་དེ་རེད། སྤྱིར་ཨ་རིའི་USID རོགས་ཚོགས་ནས་ལོ་ལྟར་ཨ་སྒོར་ཐེར་འབུམ་མང་པོ་འཛམ་བུ་གླིང་ལ་རོགས་རམ་གནང་གིན་ཡོད་པ་རེད། ང་ཚོ་ད་ལྟ་བར་གང་ལ་ལྷག་པ་རེད། གལ་སྲིད་རོགས་ཚོགས་སྡེ་ཚན་དེའི་ནང་ང་ཚོ་བོད་པའི་པུ་གུ་ཞིག་ཡོད་པ་ཡིན་ན་སྙན་ཞུ་འབུལ་སྟངས་དང་། འགྲོ་སྟངས་ཚང་མ་ཤེས་ཀྱི་རེད། ང་ཚོས་གང་འདྲ་བྱེད་ནས་འཐུས་ཤོར་ཕྱིན་པ་རེད། གང་ཡིན་ཟེར་ན་ང་ཚོའི་མི་ཕ་གི་ནང་མེད་དུས་ཉམས་མྱོང་དང་འགྲོ་སྟངས་དེ་ཚུར་ཤོད་མཁན་མེད་དུས་བྱས་པ་རེད་བསམས།

ཤེས་ཡོན་ཡར་རྒྱས་ཕྱིན་པ་ཡིན་ན། སྤྱིར་ཨི་ཟི་རལ་ནང་ཇིའུ་མི་རིགས་ས་ཡ་༦ཡོད་པ་རེད། །ཨ་རིའི་ནང་ས་ཡ་༥ཙམ་ཡོད་པ་རེད། འོན་ཀྱང་ཨ་རིའི་མཐོ་སློབ་སྐད་གྲགས་ཆེ་ཤོས། ཧ་ཝ་ཌི་དང་། ཀོ་ལམ་བྷི་ཡ་དེ་ཚོ་མང་ཆེ་བའི་ནང་ཇིའུ་མི་རིགས་ཀྱི་དགེ་རྒན་ཡོད་པ་རེད། །ཚགས་པར་ནིའུ་ཡོག་དུས་བབས་དང་། ཝ་ཤིན་ཊོན་ཆ་འཕྲིན། དེ་ཚོའི་ནང་རྩོམ་སྒྲིག་པ་དང་། རྩམ་པ་པོ་མི་འབོར་ལ་དཔག་པའི་བརྒྱ་ཆ་མང་ཤོས་ཇིའུ་མི་རིགས་རེད། དངུལ་ཁང་ནང་ལའང་དེ་བཞིན་མི་འབོར་ལ་དཔག་པའི་མི་མང་ཤོས་ཇིའུ་མི་རིགས་རེད།

ཁོང་ཚོ་གང་འདྲ་བྱེད་ནས་སླེབས་པ་རེད་ཟེར་ན། ཤེས་ཡོན་ལ་དོ་སྣང་དང་། ཤེས་ཡོན་མཐོང་ཆེན། ཤེས་ཡོན་ཐོག་མ་རྩ་བཞག་པ་ལས་བྱུང་བ་ཞིག་རེད། །ཤེས་ཡོན་ཡོད་དུས་དགེ་རྒན་བྱེད་ཀྱི་ཐུབ་ཀྱི་ཡོད་པ་རེད། གསར་འགོད་པ་བྱེད་ཐུབ་ཀྱི་ཡོད་པ་རེད། དངུལ་ཁང་ནང་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད། གཞུང་ནང་འཛུལ་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་ཨར་མན་ནིང་ཡང་དེ་བཞིན་རེད། ཨ་རུ་སུ་དམར་པོ་མ་འཐོར་སྔོན་ལ་མེ་ཤུགས་འཕུར་མདའ་དང་དེ་ཚོ་བཟོ་མཁན་མང་ཆེ་བ་ཨར་མན་ནིང་རེད།

སྔོན་མ་ཡིན་ན་ཨར་མན་ནིང་མི་རིགས་དང་ལུང་པ་ཞིག་ཡོད་ན་མེད་ན་བསམས་པ་ཞིག་ཡོད་པ་རེད། ད་ལྟ་ཁོང་ཚོར་རང་བཙན་ཐོབ་ནས་རྒྱལ་ཁབ་བཟུང་ཡོད་པ་རེད། དེ་བཞིན་ཉི་ཧོང་ཀྱང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ལངས་ཡ་མེད་པ་ཆགས་འདུག་བསམས་པ་ཞིག་ཡོད་རེད།

འོན་ཀྱང་གཞུང་ཐོག་ནས་སྲིད་བྱུས་གཏིང་དུས་མ་རྩ་ཕོན་ཆེ་ཤོས་ཤེས་ཡོན་ཐོག་བཏང་དུས་ལུང་པ་ཡར་བསླང་ཐུབ་པ་བྱུང་བ་རེད། དེ་བཞིན་སུད་སིར་ཆ་མཚོན་ནའང་༡༩༢༠ནང་གྲོང་གསེར་རང་རེད། སྟོན་ཐོག་ཁོ་ན་ལས་གཞན་ཐོན་ཁུངས་གང་ཡང་ཡོད་པ་མ་རེད། །འོན་ཀྱང་ཕྱིས་སུ་ལོ་༧༠དང་༨༠ནང་འགྱུར་བ་ཆེན་པོ་འགྲོ་ཡ་དེ་ཤེས་ཡོན་བརྒྱུད་ནས་འཕྲུལ་ཆའི་ཐབས་ལམ་ཐོག་ནས་ལུང་པ་ཡར་རྒྱས་ཕྱིན་པ་རེད།

དེར་བརྟེན་སྤྱི་ཚོགས་ཤིག་ལོ་༥༠དང་༡༠༠ནང་འགྱུར་བ་གཏོང་ཐུབ་ཡ་གཅིག་ཡིན་དུས། ང་ཚོ་ལོ་༥༠རིང་ནས་ད་ལྟ་བར་སྤྱི་ཡོངས་བརྩིས་པ་ཡིན་ན་ཡག་པོ་རེད། དཔེར་ན། །ང་ཚོའི་སྤྱི་ཚོགས་ནང་འབྲི་ཀློག་ཤེས་པའི་སྤྱི་ཡོངས་མི་འབོར་གྱི་བརྒྱ་ཆ་༨༤ཙམ་དང་། །རྒྱ་གར་བརྒྱ་ཆ་༧༦ཙམ་རེད། ང་ཚོའི་གནས་བབས་དེ་རྒྱལ་ཁབ་ཡོད་པའི་ལུང་པ་འདིའི་མི་རིགས་ལས་ཡག་བ་ལྟ་བུ་ཡོད་རེད། བལ་ཡུལ་དང་། བྷང་ལ་དྷེ་ཤི་ལས་ཀྱང་ཡག་པ་ཡོད་པ་རེད་བསམས་ཀྱི་འདུག འོན་ཀྱང་སྤུས་ཚད་ཐད། ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་ཆགས་ཡ་དེའི་ཐོག་ང་ཚོ་ཏོག་ཙམ་རྗེས་ལུས་ཐེབས་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་གསུངས་སོང་།

ཐེངས་འདིར་ཁྱོན་ཉིན་གྲསང་༣རིང་། དགེ་རྒན་རྣམས་ཀྱིས་སློབ་མའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་དང་། སློབ་སྦྱོང་སྤྲོད་སྟངས། །སློབ་མའི་ཀུན་སྤྱོད། སློབ་གསོ། སྒྲིག་ལམ་བཅས་ཀྱི་ཐད་གོ་སྡུར་དང་། དགེ་རྒན་ཕན་ཚུན་དབར་བསམ་ཚུལ་བརྗེ་ལེན་གནང་རྒྱུ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།