དགོངས་ཚུལ།

ངོས་ཀྱིས་སུ་ཞིག་ལའང་མཛད་དཀའ་བཟོ་འདོད་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༣ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་ཨུ་རུ་སུར་ཡོང་འདོད་ཆེན་པོ་འདུག་ཀྱང་སུ་ཞིག་ལའང་མཛད་དཀའ་བཟོ་འདོད་མེད་ཅེས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་ཨུ་རུ་སུའི་བརྙན་འཕྲིན་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་འདུག

དེ་ཡང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བཏབ་པ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་ཕྱི་ཟླ་ ༡༢ པའི་ཚེས་ ༢༤ ནས་༢༧ བར་ཁྱོན་ཉིན་གྲངས་བཞིའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་༼རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་༽གི་ཆོས་འབྲེལ་གནང་ཡོད་པ་དང་། དེ་དང་ཆབས་ཅིག་ཨུ་རུ་སུའི་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཡོད།

དེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུར་གདན་ཞུས་ཆིབས་བསྒྱུར་གནང་འཆར་ལ། ཨུ་སུའི་སྲིད་གཞུང་ནས་ཐེངས་འགར་གང་ཉིད་ལ་མཐོང་ཆེན་ཕུལ་མེད་པ་དང་། ཕྱི་ཚེས་༢༥ཉིན་ཨུ་རུ་སུའི་བརྙན་འཕྲིན་ཁང་གིས་གསར་འགོད་པ་ལྕམ་ Olga Lipich ཨོལ་གྷ་ལི་པི་ཆཱ་ལགས་ཀྱིས། ཐེངས་འདིར་གང་ཉིད་ཀྱིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་གནང་སྐབས། ཨུ་རུ་སུ་ནས་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་ཕེབས་ཡོད་སྟབས། གང་ཉིད་ག་དུས་ཨུ་རུ་སུར་ཆིབས་བསྒྱུར་བསྐྱང་འཆར་ཡོད་མེད་བཅས་བཅར་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། ངོས་རང་ཕྱི་ལོ་༡༩༧༩དང་༡༩༨༢བཅས་ལ་ཨུ་རུ་སུ་ལ་ཡོང་བ་ཡིན། སྐབས་དེ་དུས་ད་དུང་ཡང་ USSR ཨུ་རུ་སུ་༼དམར་བོའི་༽རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ཆགས་ཡོད་ལ། སྐབས་དེར་དམར་ཤོག་དབང་ཆ་གཅིག་སྡུད་ཀྱི་དུས་སྐབས་སུའང་ངོས་རང་ཐེངས་འགར་ཡོང་ཐུབ་ཡོད་པ་རེད། འོན་ཀྱང་ད་ལྟར་ལུང་པ་རང་དབང་ཡིན་ཡང་ཕ་ཆེར་ངོས་རང་ཡོང་ཐུབ་རྒྱུ་ཁག་པོ་ཆགས་འདུག་ཅེས་ལན་འདེབས་གནང་འདུག

ཡང་༧གོང་ས་མཆོག་གིས། སྤྱིར་ཡིན་ན་ཨུ་རུ་སུའི་ནང་པ་རྣམས་ཏཱ་ལའི་བླ་མ་དང་བོད་མི་དབར་ལོ་རྒྱུས་རང་བཞིན་གྱི་འབྲེལ་བ་ཞིག་ཆགས་ཡོད། ངོས་ཀྱི་སྐུ་༧གོང་མ་རྒྱལ་བ་སྐུ་ཕྲེང་༡༣པ་དང་འབྲེལ་བ་ཡོད་པའི་ཨུ་རུ་སུར་ལ་དམིགས་བསལ་དོ་སྣང་ཡོང་གིན་འདུག་ལ། ཨུ་རུ་སུའི་ནང་ནང་པ་མིན་པའི་གྲོགས་པོ་ཡང་མང་པོ་ཞིག་ཡོད། བཞད་མོ་བཞད་ཞོར་དུ། གང་ལྟར་ཡང་ངོས་ཀྱིས་སུ་ཞིག་ལའང་མཛད་དཀའ་བཟོ་འདོད་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཆོས་འབྲེལ་གྱི་ཉིན་མཐར་མར་ཀལ་མིད་ཀ་ནང་པའི་མཐུན་ཚོགས་ཀྱི་དབུ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་ད་ཐེངས་ཉིན་བཞིའི་རིང་གི་ཆོས་འབྲེལ་དེ་བཞིན་ཧ་ཅང་ཡག་པོ་བྱུང་སོང། འདས་པའི་ལོ་གསུམ་རིང་ལ་ཆོས་འབྲེལ་དེ་རྡ་སར་གོ་སྒྲིག་བྱེད་བཞིན་ཡོད། ལོ་བཞི་པ་དེ་ཡང་རྡ་སར་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་༸གོང་ས་མཆོག་གི་མཛད་འཆར་དང་སྟབས་བསྟུན་ལྡི་ལིར་འགྱུར་བ་བཏང་གནང་བ་རེད། ད་རེས་ཆོས་འབྲེལ་སྐབས་ཁལ་མུཀ་ནས་ཆོས་ཞུ་བ་མི་ ༢༢༤ དང་བྷུར་ཡ་ནས་ ༢༢༧ ཐུ་ཝ་བ་ནས་ ༧༨ ཨུ་རུ་སུའི་ས་གནས་གཞན་ནས་ཆོས་ཞུ་བ་ ༤༥༧ ཕེབས་ཡོད།

དེ་བཞིན་ང་ཚོ་ཆོས་ཞུ་བ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུར་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་འབུལ་ལམ་ཞུ་དགོས་པའི་ས་ཡིག་བསྡུ་རུབ་བྱས་པའི་ཡི་གེ་དེ་ང་ཚོའི་ངོ་ཤེས་ཤིག་ད་རེས་ཨུ་རུ་སུའི་སྲིད་འཛིན་མཆོག་དང་ལྷན་སླེབས་ཡོད་སྟབས། ཁོང་བརྒྱུད་ནས་སྲིད་འཛིན་མཆོག་ལ་འབུལ་རོགས་ཞེས་ཞུས་ཡོད་ཞུས་ཡོད་པར་ལྟར་ཁོང་ནས་ཁས་ལེན་གནང་བྱུང་། ངས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུར་ཆིབས་བསྐྱང་ཐུབ་པའི་རེ་བ་ཡིད་ཆེས་བྱེད་བཞིན་ཡོད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས། ‌

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།