བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་བསྐྱར་ཞིབ་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢ཉིན། ཉེ་ཆར་ཕྱི་ཟླ་༡༢པའི་ཚེས་༣༡ནས་དེ་རིང་ཕྱི་ཟླ་༡པོའི་ཚེས་༢བར་ཁྱོན་དུས་ཡུན་ཉིན་གྲངས་༣རིང་། ཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་གསར་པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོ་སྐྱོང་འོག ༼བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༥པ་སྐོང་ཚོགས་གནང་༽ཡོད་པ་རེད།

ཐེངས་འདིའི་ཚོགས་འདུ་ཐོག བོད་ནང་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱི་རང་ལུས་མེར་སྲེག་དང་། རྒྱ་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་སོགས་ཛ་དྲག་གི་གནས་སྟངས། དེ་བཞིན་ད་ལྟ་བར་བོད་རྒྱ་འབྲེལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ། གཞན་ཡང་རྒྱ་ནག་གཞུང་གི་འགོ་ཁྲིད་གསར་པའི་གནས་སྟངས་བཅས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་འདུག

དེ་རིང་ཚོགས་འདུའི་ཉིན་མཐར་མར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་བའི་ཡིག་ཐོག་གི་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང་། གསལ་བསྒྲགས་དེའི་ནང་། ཚོགས་འདུའི་སྐབས་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་ཚུལ་གྱིས་མཚོན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་ཆབ་སྲིད་གནས་སྟངས་དང༌། ཞི་མོལ་གྱི་ལམ་ནས་གང་མྱུར་བོད་དོན་དཀའ་རྙོག་སེལ་ཐབས། དེ་བཞིན་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་དང་དེའི་དབང་གིས་བོད་དོན་ལ་ཕན་གནོད་ཇི་འགྱུར་བཅས་ཀྱི་སྐོར་བཀའ་བསྡུར་གནང་ཡོད།

བོད་དང༌། རྒྱ་ནག དེ་བཞིན་རྒྱལ་སྤྱིའི་གནས་སྟངས་བཅས་ལ་གཞིགས་ཏེ་འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ་དང་སྦྲགས། འབྱུང་འགྱུར་འབྲེལ་མོལ་གྱི་འདུན་ལམ་དང་གནས་སྟངས་གདོང་ལེན་ཞུ་ཕྱོགས་གོ་བསྡུར་སྦྱང་བཤད་ཞིབ་ལྷུག་བྱུང་ཡོད་ཅིང༌། ྋགོང་ས་མཆོག་གི་སྐུ་ཚབ་བསྐོ་གཞག་གནང་ཕྱོགས་ཀྱིས་མཚོན་པའི་འབྲེལ་མོལ་མུ་མཐུད་ཐབས་སུ་དོན་ཕན་ལྡན་པའི་དགོངས་ཚུལ་གསུངས་ཡོད།

བོད་མིའི་འགོ་འཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ ‘‘ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང༌། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད།’’ ཅེས་གསུངས་ཡོད།

བོད་མིའི་འགོ་འཁྲིད་ཀྱིས་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་མུ་མཐུད་ཞུ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་ནང་གི་མིག་སྔའི་གནས་སྟངས་ལ་ཐུགས་འཚབ་དང༌། འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་པ་བཅས་ཀྱི་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྐྱར་སྒྲིག་བྱ་རྒྱུ་དང༌། འདི་ལོ་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུའི་སྐབས་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལས་འགན་ཆ་ཚང་བླངས་རྗེས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོང་ཚོགས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།