དགོངས་ཚུལ།

བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་ཉེར་ལྔའི་དུས་དྲན་སྲུང་བརྩི་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢ཉིན། བལ་ཡུལ་གནས་ཆེན་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དང་། སྨན་སྒྲུབ་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་ཐེངས་གཉིས་པ། སྐབས་བདུན་པའི་དགེ་བཤེས་མཛད་སྒོ་བཅས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༩ ནས་ ༢༠༡༣ ཟླ་ ༡ ཚེས་ ༢ བར་ཚོགས་གནང་མཛད་ཡོད་པ་རེད།

དེ་ཡང་ ༢༠༡༢ ཟླ་ ༡༢ པའི་ཚེས་༩ ཉིན་གྱི་སྔ་དྲོ་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དབུ་བཞུགས་ཐོག་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མ་ནས་ཕེབས་པའི་སེར་སྐྱ་མི་མང་སྟོང་ཕྲག་ལྷག་འདུ་འཛོམས་ཀྱིས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་བརྩི་སྲུང་སྐབས་འབྲེལ་ཡོད་སྐུ་མགྲོན་ཆེ་ཁག་དང་། དམིགས་བསལ་བལ་ཡུལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་བདེ་དོན་བློན་ཆེན་བྷ་དྲི་པྲ་སཱད་ནེའུ་(Bhadri Prasad Neupany)མཆོག དགོན་འདིའི་ཁྲི་འཛིན་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སོགས་ནས་བཀའ་སློབ་ཟབ་གསལ་བསྩལ་གནང་མཛད་པ་དང་། ཉིན་རྒྱབ་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་སེར་སྐྱ་མང་ཚོགས་རྣམས་ལ་བདུད་རྩི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་བརྒྱུད་རིམ་ལོ་རྒྱུས་དང་འབྲེལ་བའི་ཟབ་ཁྲིད་བཀའ་དྲིན་ཆེ་བསྩལ་གྱིས་སྔོན་འགྲོའི་མཛད་སྒོ་ལེགས་གྲུབ་གནང་།

ཕྱི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཁས་དབང་ཁག་དུ་མས་གཡུང་དྲུང་བོན་གྱི་བསྟན་འབྱུང་དང་། ལྟ་གྲུབ་སོགས་ལས་གླེང་སློང་སྟེ་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཚོགས་གནང་མཛད།

ཕྱི་ཚེས་ ༡༢ ནས་བཟུང་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་གྱི་སྒྲུབ་བ་ཆེན་མོའི་སྔོན་འགྲོ་དང་སེར་ཕྲེང། དེ་རྗེས་ཨ་མཆོད་བཅུ་གཉིས་སོགས་ནས་བསྙེན་སྒྲུབ་གྱི་གཞུང་རྣམས་རིམ་པར་བསྲངས་སྟེ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སེར་སྐྱ་མི་མང་ཡོངས་ལ་མདོ་གཡུང་དྲུང་ཀློང་རྒྱས་དང་རྣམ་དག་པདྨ་ཀློང་ཡངས་ཀྱི་བཀའ་དབང་། ཞི་ཁྲོ་སྨན་གསུམ་གྱི་སྔོན་འགྲོ་དང་དངོས་གཞིའི་བཀའ་དབང་རྣམས་བསྩལ་གནང་མཛད། སྒྲུབ་ཆེན་རིང་གྲྭ་མང་བྱིངས་ནས་བླ་ཆེན་དྲན་པ་ནམ་མཁའི་འབུམ་ཚོགས་དང་། ཁྲོ་བོའི་སྒྲུབ་པ། བོན་སྐྱོང་སྲུང་མའི་བསྐང་འབུམ། གློ་དང་དོལ་པོའི་ཁུལ་ནས་ཕེབས་པའི་རིགས་སྔགས་འཆང་བ་བཅུ་ཕྲག་ཁ་ཤས་ནས་དྲན་པའི་སྒྲུབ་བ་སྐྱོང་གནང་མཛད། གཞན་ཡང་ཉེར་ལྔའི་དུས་དྲན་དང་འབྲེལ་བའི་དྲན་དེབ་ཨིན་བོད་གཉིས་ཅན་སོགས་དྲན་རྟེན་རིགས་སྣ་ཚོགས་པར་འགྲེམས་གནང།

ཕྱི་ཟླ་ ༡༢ ཚེས་ ༢༥ ནས་བཟུང་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་དང་བཅུ་ཕྲག་རིག་གནས་བཅས་པར་བསླབ་པ་མཐར་སོན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྔོན་འགྲོའི་བཤད་རྒྱུགས་དང་། དངོས་གཞི་ངག་རྒྱུགས་དང་རྩོད་རྒྱུགས་དམ་བཅའ་ཆེན་མོ་བཅས་རིམ་བཞིན་གྲུབ་ནས་ ༢༠༡༣ ཟླ་ ༡ ཚེས་ ༡ ཉིན་དགེ་བཤེས་ཀྱི་མཚན་རྟགས་དང་ཕྱག་འཁྱེར་བསྩལ་བའི་མཛད་སྒོ། བདུད་རྩི་སྨན་གྱི་སྒྲུབ་བ་ཆེན་མོའི་དད་སྦྱིན་ཁག་ལ་ལེགས་གསོལ་དང་བཀྲ་ཤིས། མི་མང་ལ་སྨན་འགྱེད། དགེ་བཤེས་ཁྲི་སྟོན་སོགས་གནང་།

ཕྱི་ ༡ ཚེས་ ༢ ཉིན་གཏང་རག་མཛད་སྒོར་བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་བསང་གསོལ་མཆོད་སྤྲིན་དང་། བཀའ་སྐྱོང་ཡེ་ཤེས་དབལ་མོའི་གར་འཆམ། ཐུགས་རྗེ་ཆེ་ཞུའི་བཀའ་སློབ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རྒྱ་གར་དང་བལ་ཡུལ་ཁུལ་དུ་སླར་གསོའི་སྐབས་བཀའ་དྲིན་མཐུན་འགྱུར་གནང་མཁན་དང་། ལོ་རྒྱུས་རང་བཞིན་ལྡན་པའི་གློ་དང་དོལ་པོའི་ས་གནས་ཀྱི་དགོན་སྡེ་ཁག་བདུན་ལ་ཐུགས་རྗེ་ལེགས་འབུལ་དང། དམིགས་བསལ་དགོན་འདིར་མི་ལོ་ ༢༥ རིང་ལས་དོན་ཞབས་ཞུ་སྒྲུབ་གནང་མཁན་རྒན་ཆེན་དཔལ་འབྱོར་ནོར་བུ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གནང་བ་བཅས་ཀྱིས་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།

མཛད་སྒོའི་རིང་བལ་ཡུལ་གཞུང་གི་བློན་ཆེན་དང་བློན་ཟུར། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ཆོས་རིག་སྐུ་ཚབ་བལ་ཡུལ་བོད་མིའི་འབྲེལ་མཐུད་པ་སོགས་ཆོས་སྲིད་གཉིས་དང་འབྲེལ་བའི་སྐུ་མགྲོན་རྣམས་དང་། འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་ནས་སེར་སྐྱ་མང་ཚོགས་སྟོང་ཕྲག་གཉིས་ཙམ་བཅས་རིམ་བཞིན་འདུ་འཛོམས་བྱུང་བ་རྣམས་ལ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སྐབས་བསྟུན་ཞལ་གསུང་བཀའ་སློབ་བཀའ་དྲིན་སྐྱབས་འཇུག་གནང་ཡོད་པ་རེད།

བལ་ཡུལ་བོན་དགོན་ཁྲི་བརྟན་ནོར་བུ་རྩེ་འདི་ནི་༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༨༧ ལོར་ཕྱག་བཏབ་གནང་ཞིང་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་དང་ཐུན་མོང་རིག་གནས་བཅས་པར་བསླབ་པ་སློབ་གཉེར་གནང་ཡུལ་བཤད་སྒྲུབ་ཉི་ཟླ་ཟུང་གིས་ཕྱུག་པའི་བསྟི་གནས་ཤིག་ཡིན་པ་དང་། ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དབུ་བཞུགས་ཀྱིས་དགོན་པའི་འགན་ཁུར་བཞེས་མཁན་ཐོག་མ་ཁྲི་འཛིན་མཁན་པོ་རྨ་རོང་ཉི་མ་དབང་རྒྱལ་རིན་པོ་ཆེ་དང་། ད་ལྟ་ཁྲི་འཛིན་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། བཤད་གྲྭའི་དཔོན་སློབ་ཚངས་པ་བསྟན་འཛིན་མཆོག སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་བཅས་ཀྱིས་འགན་ཁུར་གཙོ་བཞེས་འོག་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་དང་། བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས། བལ་ཡུལ་བོན་པོ་ཚོགས་པ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཚོགས་སྡེ་ཁག་དུ་མའི་ལྟ་རྟོག་སྟངས་འཛིན་གྱིས་བོན་ཐེག་པ་རིམ་དགུའི་སྲོལ་བཟང་མི་ཉམས་གོང་འཕེལ་དུ་བསྐྱངས་དང་སྐྱོང་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གནས་ཚུལ་མཁོ་གཏོང་བ། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།