དགོངས་ཚུལ།

རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་བཙུགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༢ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་བྱང་ཕྱོགས་དང་། བྱང་ཤར། དེ་བཞིན་ལྷོ་ཕྱོགས་བཅས་ལ་སྤྱི་འཐུས་༦རེ་ཆ་བགོས་ཀྱིས། རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་འགོ་འཛུགས་བྱས་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་རྣམས་ཀྱིས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་བཞིན་པའི་བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཟླ་བ་གཅིག་ལྷག་རིང་རྒྱ་གར་གཞུང་མང་གཉིས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འགོ་བཙུགས་འདུག

ལས་འགུལ་དེ་ནི་རྒྱ་གར་བྱང་ཕྱོགས་དང་། བྱང་ཤར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་བཅས་སུ་ཆ་བགོས་ཀྱིས་སྤྱི་འཐུས་དྲུག་རེའི་སྣེ་ཁྲིད་གནང་རྒྱུ་ཡིན་འདུག་ལ། དེའི་ནང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་དབུས་རྒྱ་གར་བྱང་ཤར་ཁུལ་གྱི་ལས་འགུལ་སྣེ་ཁྲིད་གནང་མཁན་སྤྱི་འཐུས་རྣམ་པས་འདི་ཟླའི་ཕྱི་ཚེས་ ༧ ནས་དབུ་འཛུགས་གནང་རྒྱུ་ཡིན་པ་དང། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དབུས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ལས་འགུལ་སྣེ་ཁྲིད་གནང་མཁན་སྤྱི་འཐུས་རྣམ་པས་ཕྱི་ཚེས་ ༡ ཉིན་ཇམ་མུ་དང་ཀ་ཤི་མི་རི་མངའ་སྡེའི་དཔོན་རིགས་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་སྟེ་ལས་འགུལ་དབུ་འཛུགས་གནང་འདུག དེ་བཞིན་སྤྱི་འཐུས་ཨ་ཀྲུག་་ཚེ་བརྟན་ལགས་ཀྱིས་དབུས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ལས་འགུལ་སྣེ་ཁྲིད་གནང་མཁན་སྤྱི་འཐུས་རྣམས་ཀྱིས་ཕྱི་ཚེས་ ༡ ཉིན་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ལྷན་མཇལ་འཕྲད་ཞུས་ཏེ་ལས་འགུལ་དབུ་འཛུགས་གནང་འདུག

སྤྱི་འཐུས་རྣམ་པས་མངའ་སྡེ་སོ་སོའི་བློན་ཆེན་དང་མཐོ་རིམ་དཔོན་རིགས་སོགས་མཇལ་འཕྲད་ཞུ་སྐབས། གཙོ་བོ་རྒྱ་དཀར་ནག་གཉིས་ཀྱི་དཀའ་རྙོག་དེ་བོད་ཀྱི་དཀའ་རྙོག་དང་འབྲེལ་བ་ཆགས་ཡོད་པ་རྒྱ་གར་མང་ཚོགས་ནས་མཁྱེན་པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་དོན་ཚན་གཉིས་ཅན་གྱི་ཞུ་ཡིག་གཅིག་ཀྱང་འབུལ་གྱི་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་ཏེ་མི་ལོ་ ༦༠ ལྷག་རིང། བོད་རྒྱལ་ཁབ་དང་མི་རིགས། དེའི་ངོ་བོ་མཚོན་བྱེད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག། ཡུལ་གོམས་གཤིས་ལུགས་དང་བཅས་པ་རྨེག་མེད་རྩ་གཏོར་དུ་གཏོང་ཆེད། དམངས་གཙོ་བཅོས་བསྒྱུར་ཞེས་པ་དང། ཟིང་འཁྲུག་ཞོད་འཇགས། རིག་གནས་གསར་བརྗེ་ཆེན་པོ། མི་རིགས་ས་གནས་རིང་ལུགས་ལ་ངོ་རྒོལ། ཏཱ་ལའི་ཁ་བྲལ་རིང་ལུགས་ལ་རྒོལ་རྡུང། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ། བརྟན་ལྷིང་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་སོགས་ཆབ་སྲིད་ཀྱི་ལས་འགུལ་སྣ་རིགས་སྤེལ་ཏེ། མདོར་དོན་དམག་དོན་བཙན་རྒྱལ་རིང་ལུགས་དང། རིག་གཞུང་བཙན་རྒྱལ་རིང་ལུགས། མི་སེར་སྤེལ་ཡུལ་རིང་ལུགས་བཅས་ཀྱི་ངོ་བོའི་ཐོག་ནས་བོད་མི་རིགས་ལ་ཁྱད་གསོད་དང། མཐོང་ཆུང། དམའ་འབེབས། དབྱེ་འབྱེད་ཀྱི་སྲིད་བྱུས་རབས་དང་རིམ་པ་སྤེལ་ཡོད།

རྒྱ་གཞུང་གིས་སྤེལ་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེར། བོད་ནང་གི་བོད་མི་ཚོས་ཞི་རྒོལ་རྒྱུན་ཆད་མེད་པ་སྤེལ་ཡོད་ཅིང། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ལྗོངས་སྟོད་སྨད་བར་གསུམ་ཁྱོན་ཡོངས་སུ་ཞི་བའི་སྒེར་ལངས་བྱུང་རྗེས། རྒྱ་དམར་གཞུང་གིས་བོད་ཐོག་དོན་དམ་དམག་དོན་བཀག་རྒྱ་ལྟ་བུའི་སྲིད་བྱུས་ལག་བསྟར་བྱས་ཏེ། དྲག་རྡུང་བཙོན་འཇུག་ཚད་ལས་འདས་པ་བྱེད་བཞིན་ཡོད་ཀྱང། བོད་མི་རྣམས་ཀྱིས་དཔའ་མཛངས་རྟུལ་ཕོད་ཞུམ་པ་མེད་པའི་ངང་སྔ་རྗེས་སུ་རྒྱ་གཞུང་གི་རྒྱལ་སྟོན་སོགས་དགའ་སྤྲོའི་འཁྲབ་སྟོན་རིགས་ལ་མཉམ་ཞུགས་མི་བྱེད་པ་དང། ས་ཞིང་རྨོས་ལས་མི་བྱེད་པ། ལོ་གསར་དགའ་སྟོན་ལ་མི་རོལ་བ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དགོས་པའི་ཞི་རྒོལ་བྱས་པ། ལྷག་དཀར་སྲུང་བརྩི་སོགས་ཞི་བའི་ལས་འགུལ་སྣ་མང་སྤེལ་ཡོད།

འོན་ཀྱང་བོད་ནང་གི་བོད་མིའི་མངོན་འདོད་ལ་རྒྱ་གཞུང་གིས་ཡ་ལན་བདག་སྤྲོད་སྤུ་ཙམ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ལས་འགུལ་དེ་རིགས་ཏཱ་ལའི་ཁ་བྲལ་རིང་ལུགས་པས་བརྒྱུད་བསྐུལ་གྱིས་མེས་རྒྱལ་ཁ་བྲལ་གཏོང་བའི་ལས་འགུལ་ཡིན་ལུགས་ལ་བསྙད་བཏགས་ཏེ་རྡུང་རྡེག་བཙོན་འཇུག་ཚད་ལས་འདས་པ་བྱས་པར་བརྟེན། བོད་མི་རྣམས་དེ་བས་ངར་ཤུགས་ཆེ་རུ་ལངས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་ལ་རང་བཙན་དགོས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དགོས་སོགས་འབོད་སྒྲ་གཙོ་བོར་བསྒྲགས་ཏེ་གཅིག་མཇུག་གཉིས་མཐུད་ངང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ལས་འགུལ་སྤེལ་འགོ་བརྩམས་ཡོད།

དེ་འདྲའི་ལས་འགུལ་ཕྱི་ལོ་ ༢༠༠༩ ནས་འགོ་བཙུགས་ཏེ། ད་ལྟའི་བར་བོད་ནང་གི་བོད་མི་ ༩༥ ཡིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ནང་ནས་ ༨༠ འདས་གྲོངས་སུ་གྱུར་ཡོད་ཅིང། གཞན་མང་ཆེ་བ་རྒྱ་གཞུང་གི་ལག་འོག་ཏུ་ཚུད་དེ་ད་ལྟ་འདས་གསོན་ཇི་ཡིན་ཤེས་རྟོགས་དཀའ་བའི་གནས་སུ་ལྷུང་ཡོད།  དེའི་ནང་ནས་སྐྱ་སེར་ཕོ་མོ་ལ་དབྱེ་ན། དགེ་འདུན་པ་གྲངས་ ༢༦ དང། བཙུན་མ་གྲངས་ ༤ ། མི་སྐྱ་ཕོ་གྲངས་ ༦༤ ། མི་སྐྱ་མོ་གྲངས་ ༩ །   ལོ་ན་ཆེ་ཤོས་ ༦༤ དང་ཆུང་ཤོས་ ༡༥ ། སྐྱ་བོ་ཕོ་མོ་མང་པོར་ཤུལ་ལུས་ཕྲུ་གུ་ལོ་ན་གཉིས་གསུམ་ཅན་བཅས་གང་རུང་ལྷག་པའི་ཛ་དྲག་གནས་སྟངས་ཆགས་བཞིན་ཡོད་ལ། ད་ལྟའི་ཆར་བོད་ནང་གི་བོད་མི་རྣམས་རང་ལུངས་མེར་བསྲེགས་གཏོང་མཁན་གྱི་ནང་མི་དང་ཤུལ་ལུས་ཕྲུ་གུར་ལྟ་རུ་འགྲོ་བའམ། མཆོད་འབུལ་སྨོན་ལམ། སྐུ་ཕུང་ཞུགས་འབུལ་ཙམ་བྱས་ནའང་ཁྲིམས་འགལ་དུ་བརྩིས་ཏེ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་བཅས་ལ་བརྟེན། ད་ཐེངས་རྒྱ་གར་གཞུང་མང་གཉིས་ལ་ཆེད་དུ་ཞུ་རྒྱུར།

༡༽        ད་ལྟའི་རྒྱ་གཞུང་གིས་རྒྱལ་སྲུང་གི་འགྲོ་གྲོན་ལས་རྒྱལ་ནང་བརྟན་ལྷིང་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཆེ་བ་བཏང་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། བོད་སོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་པ་དེས་ཡིན་ཞིང། གལ་སྲིད་བོད་ནང་གི་བོད་མི་ཚོ་ཡར་ལངས་ངོ་རྒོལ་མ་ཐུབ་པར་མཐའ་གཅིག་ཏུ་རྒྱ་གཞུང་འོག་མགོ་སྒུར་དགོས་པའི་གནས་སྟངས་ཤིག་ཆགས་གྱུར་ན། རྒྱ་དཀར་ནག་གཉིས་བར་གྱི་རྩིག་གྱང་མཐོན་པོ་དེ་བཞིན་རྨང་ནས་འཐོར་ངེས་ཡིན་པས། རྒྱ་གཞུང་གི་དམག་དང་དཔལ་འབྱོར་སོགས་ཀྱི་ནུས་སྟོབས་ཡོད་ཚད་རྒྱ་གར་མཐའ་མཚམས་ཁག་ཏུ་ཐེ་ཚོམ་མེད་པར་འཇིགས་བསྐུལ་ཤུགས་ཆེ་སློང་ངེས་ཡིན་སྟབས། གནས་སྟངས་གསལ་པོ་མཁྱེན་པའི་ཐོག་ནས་རྒྱ་གར་གྱི་ཡུལ་མི་ཚོས་བོད་མིའི་འཐབ་རྩོད་ལ་སྔར་བས་རྒྱབ་སྐྱོར་དཔུང་རོགས་ཡོང་བའི་རེ་སྐུལ་ཞུ་རྒྱུ།

༢༽ རང་དབང་དང་མང་གཙོར་དགའ་བའི་རྒྱལ་ཁབ་མང་པོའི་གཞུང་དང་ཆབ་སྲིད་མི་སྣས་བོད་དོན་་གླེང་སློང་དང་རྒྱ་ནག་ལ་སྐྱོན་བརྗོད།  ལྷག་པར་གྲོས་ཚོགས་ཁག་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་རིམ་པ་འཇོག་བཞིན་ཡོད་པ་ལྟར། རྒྱ་གར་དབུས་དང་མངའ་སྡེ་ཁག་གི་ནང་དུའང་དེ་ལྟར་གནང་ཐུབ་པའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གཞུང་མང་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་རྒྱུའི་ལས་དོན་ཟླ་བ་གཅིག་ལྷག་རིང་སྤེལ་གནང་འཆར་ཡོད་འདུག་པ་དང། བརྒྱུད་རིམ་དེའི་རིང་རྒྱ་གར་གྱི་མངའ་སྡེ་སོ་སོའི་གཞུང་དང་ཆབ་སྲིད་ཀྱི་དཔོན་རིགས། དེ་བཞཱིན་གསར་འགོད་པ་དང་མང་ཚོགས་དཀྱུས་མ་བཅས་དང་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།