དགོངས་ཚུལ།

རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་གྱིས་ཤུགས་རྐྱེན་སྐོར་བགྲོ་གླེང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༢༩ཉིན། ཁ་སང་ཕྱི་ཚེས་༢༨ཉིན་གངས་སྐྱིད་སྤྱི་ཐབས་ཡང་སྟེང་ཚོགས་ཁང་དུ་Tibet Policy Institute བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཐོག་༼རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་མཁས་པའི་བགྲོ་གླེང་ཚོགས་འདུ་༽དབུ་འཛུགས་གནང་ཡོད་པ་རེད།

ཁ་སང་ཚོགས་འདུ་བགྲོ་གླེང་དེ་ཉིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་དང་། སྐབས་དེར་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམས་པས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པ་དང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་༡༠༠ལྷག་ཙམ་ཚོགས་བགྲོ་གླེང་ནང་མཉམ་ཞུགས་བྱས་འདུག

ཁ་སང་ཚོགས་འདུ་དབུ་འབྱེད་སྐབས་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་ཀྱི་གསུང་བཤད་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་ཏེ་ལོ་གཅིག་འཁོར་བའི་ལས་དོན་དང་། དམིགས་ཡུལ་སོགས་ངོ་སྤྲོད་གནང་ཡོད།

དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་རྒྱ་ནག་གི་མཁས་པ་གཙོ་བོར་གྱུར་བའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་འདིར་༼རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་གྱིས་རྒྱ་ནག་མི་མང་དང་བོད་སོགས་གཞན་ལ་ཤུགས་རྐྱེན་ཇི་ཐེབས་སྐོར་རྒྱ་ནག་མཁས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཀྱིན་ཡོད་རེད།༽ ཕལ་ཆེར་རྡ་སར་རྒྱ་སྤྱིའི་ཚོགས་འདུའི་རྣམ་པ་ཡོད་པ་གསལ་པོ་ཆགས་ཡོད།

དེ་དང་འབྲེལ་བའི་རིམ་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་མཁས་དབང་གདན་འདྲེན་ཞུས་ཏེ་ཚོགས་འདུ་འདིས་སྤྱིར་བོད་མི་དང་ཡང་སྒོས་སྲི་ཞུ་བ་དང་ཉམས་ཞིབ་པ་ཚོར་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཐོག་བློ་སྐྱེད་དང་མཐོང་རྒྱ་ཐོས་རྒྱ་གསར་པ་རག་རྒྱུར་ཐུགས་ཕན་གསོས་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་སོང་།

དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་ཐེངས་འདིའི་བགྲོ་གླེང་སྐོར་བཅར་འདྲི་ཞུས་སྐབས། བགྲོ་གླེང་འདི་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་སྐུ་ངོ་སྲིད་སྐྱོང་མཆོག་གི་དགོངས་པ་སྟེ། སྲིད་བྱུས་ཉམས་ཞིབ་ཁང་གི་བོད་དང་རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་གཞོན་སྐྱེས་ཚོར་གོ་རྟོགས་དང་ཁོང་ཚོ་སྐྱེ་བསྲིང་ཆེད་དུ་དམིགས་པ་ཞིག་རེད། གཉིས་པ་དེ་ད་ལྟ་རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་འགྲོ་བཞིན་ཡོད་དུས། དེས་རྒྱ་ནག་མི་མང་དང་བོད་མིའི་ཐོག་འགྱུར་བ་ག་རེ་འགྲོ་གིན་ཡོད་མེད་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་དེ་རེད།

བརྗོད་གཞི་དེའི་ཐོག་བགྲོ་གླེང་གནང་མཁནཐའེ་ཝན་ཏམ་ཀང་གཙུག་ལག་སློབ་གྲྭའི་ Tamkang University རྒྱལ་སྤྱིའི་གནད་དོན་དང་སྲིད་བྱུས་ཐོག་གི་མཁས་དབང་སློབ་དཔོན་ཅོང་པིན་ལིན་ Prof. Chong-Pin lin ལགས་དང།  ཨ་རིའི་ནུབ་ཨི་ལི་ནོ་ཡི་སིའི་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་དང་མི་རིགས་རིག་པའི་སློབ་དཔོན་སྐུ་ཞབས་གོར་ཊོན་ཇི་ཅང་ Dr. Gordon G. Chang ལགས། རྒྱ་རིགས་རྩོམ་པ་པོ་ཀྲུའུ་རིས་ Zhu Rui ལགས་བཅས་ཀྱིས་བགྲོ་གླེང་གསུང་བཤད་གནང་རྒྱུ་རེད།

དེ་བཞིན་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་མཁས་པ་གཙུག་ལག་སློབ་དཔོན་སྐུ་ཞབས་མེ་ཁལ་ཝན་ཝལྜ་པྲཱག་ Micheal Van Walt Praag ལགས། ལྡི་ལིའི་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་ལྕམ་སྐུ་མ་དུ་བྷལ་ལ་ Prof.Madhu Bhalla ལགས། ཤར་ཨེ་ཤི་ཡའི་གནད་དོན་སྐོར་གྱི་མཁས་པ་སྐུ་ཞབས་ཨ་བྷན་ཏི་བྷ་ཊ་ཅརྱཱ་ Dr. Abanti Bhattacharya སོགས་ཀྱིས་ཀྱང་བགྲོ་གླེང་དང་གསུང་བཤད་གནང་རྒྱུ་ཡིན་པ་རེད་ཅེས་ངོ་སྤྲོད་གནང་བྱུང་།

གཞན་ཡང་ཐེངས་འདིའི་བགྲོ་གླེང་ཐོག་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། སྐུ་སྒེར་རྒྱ་སྐད་གསུང་བསྒྱུར་རྔ་པ་ཚེ་རྒྱམ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བློ་བཟང་ལགས་བཅས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག བགྲོ་གླེང་འདི་ཉིད་ཟླ་འདིའི་ཕྱི་ཚེས་༢༨ནས་༣༠བར་ཁྱོན་ཉིན་གྲངས་༣རིང་ཚོགས་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།