འཛིན་རིམ་བཅུ་གཅིག་པའི་ཟབ་སྦྱོང་ཐེངས་དགུ་པ་ཚོགས་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༢༧ཉིན། ཟླ་འདིའི་ཕྱི་ཚེས་༢༥ནས་དབུ་འཛུགས་ཀྱིས་ཉིན་གྲངས་དགུའི་རིང་སློབ་གྲྭ་ཁག་༢༡ ནས་སློབ་མ་ཁྱོན་༡༠༥ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་དངོས་ཡོིད་ གནས་སྟངས་སོགས་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་དགུ་པ་ཚོགས་བཞིན་འདུག

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་༢༥ཉིན་ནས་དབུ་འཛུགས་ཀྱིས་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་འཛིན་རིམ་བཅུ་གཅིག་པའི་བོད་རིགས་སློབ་གཉེར་བ་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཆབ་སྲིད་འཕོ་འགྱུར། བོད་ནང་གི་ད་ལྟའི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་སྟེང་གི་བོད་ཀྱི་གནས་བབས་བཅས་ཀྱི་བརྗོད་གཞིའི་ཐོག་ཉིན་གྲངས་དགུའི་རིང་ཟབ་སྦྱོང་ཚོགས་བཞིན་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་ནང་འཛིན་རིམ་བཅུ་གཅིག་པའི་སློབ་མ་གཙོ་བོར་གྱུར་བའི་ཤེས་རབ་དགའ་ཚལ་སློབ་གླིང་དང་སུ་ཇ་བོད་ཁྱིམ། པཱ་ཀོལ་ལག་ཤེས་སློབ་གྲྭ།  ཝར་ཎ་མཐོ་སློབ། བལ་ཡུལ་ནས་སློབ་གྲྭ་ཁག་གཉིས་བཅས་ཁྱོན་སློབ་གྲྭ་ཁག་༢༡ནས་སློབ་མ་༡༠༥དང་དགེ་རྒན་༡༨བཅས་ཁྱོན་དགེ་སློབ་༡༢༤མཉམ་ཞུགས་གནང་ཡོད་པ་དང་། ཉིན་གྲངས་དགུའི་རིང་གི་ཟབ་སྦྱོང་སྐབས་གནད་ཡོད་མི་སྣ་༣༥ཙམ་གདན་འདྲེན་གྱིས་བརྗོད་གཞི་མི་འདྲ་བ་༢༢ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་རིག་གཞུང་ལྟེ་གནས་ཁང་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་ཁག་༩ཙམ་གྱི་ནང་དུ་གཟིགས་སྐོར་དུ་འཁྲིད་འཆར་ཡོད་འདུག

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འཆར་འགན་འཛིན་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ལ་སྔོན་དང་མ་འདྲ་བ་ག་རེ་ཡོད་པའི་སྐོར་ངོ་སྤྲོད་གནང་དོན། ཕྱི་ལོ་༢༠༠༤ནས་བཟུང་རིམ་གྱིས་ཟབ་སྦྱོང་ནང་ཞུགས་མཁན་གྱི་སློབ་མའི་གྲངས་འབོར་འཕར་སྣོན་བྱུང་ཡོད་པ་ལྟར། ད་ལོ་ལྟ་བུ་ཞིག་ཡིན་ན་སློབ་མའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད།

བརྗོད་གཞིའི་ཆ་ནས་ད་ལོ་དམིགས་བསལ་གཅིག་ནི་སློབ་མ་ཁོ་རང་ཚོའི་རེ་འདོད་བཞིན་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སོགས་ཀྱི་ཐོག་ཉམས་ཞིབ་བྱེད་པའི་བརྗོད་གཞི་ཞིག་ཁ་སྣོན་བྱས་ཡོད་པ་དང་། དེ་བཞིན་དུ་འཛམ་གླིང་སྤྱི་ཡོངས་དང་བྱེ་བྲག་གིས་བོད་པའི་སྤྱི་ཚོགས་ནང་དུ་གཉན་ནད་རག་དུག་གི་ན་ཚ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་དུས། ན་ཚ་དེའི་ཕྱོགས་ཀྱི་ཆེད་ལས་མི་སྣ་གདན་འདྲེན་གྱིས་ན་ཚ་འགོག་སྲུང་གི་ཐད་ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན།

ཡང་བརྗོད་གཞི་གཞན་ཞིག་ནི་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་དང་བསམ་ཤེས་ཡོང་ཆེད། ང་རང་གི་ངོས་ནས་༧མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ངོ་སྤྲོད་ཀྱི་བརྗོད་གཞི་ཞིག་ཀྱང་གོ་སྒྲིག་ཞུས་ཡོད་ཅེས་གསུངས་སོང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།