ཡབ་མེས་ཀྱི་གཅེས་ནོར་ལ་བདག་པོ་མ་བརྒྱབ་ན་བརླག་འགྲོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཟླ་༢༦ཉིན། དེ་རིང་ཕྱི་ཚེས་༢༦ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་ པའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་བཙུགས་ནས་ལོ་༥༠འཁོར་བའི་དུས་དྲན་དུ་ ཆིབས་བསྒྱུར་གྱིས་ལམ་སྟོན་བཀའ་སློབ་བསྩལ་འདུག

སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་མི་མང་ལ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་རོལ་བར་བཀའ་སློབ་གནང་དོན། དངོས་ཡོད་གནས་ཚུལ་ལ་འཛམ་གླིང་སྤྱི་ཡོངས་ལ་བདེ་སྐྱིད་ལྡན་པ་ཡིན་ན། ང་ཚོ་ཚང་མར་ཕན་གྱི་ཡོད་པ་རེད། འཛམ་གླིང་སྤྱི་ལ་བདེ་སྐྱིད་མ་བྱུང་ན། སོ་སོ་མི་ཉུང་ཤས་ཤིག་དང་ཁེར་རྐྱང་ཞིག་ལ་ག་འདྲ་བྱས་ནས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་ཐུབ་ཀྱི་རེད། ཡོང་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས། ང་རང་མི་ཞིག་ཡིན་པའི་ངོས་ནས་མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་པ་རེད།

བདེ་སྐྱིད་ཡོང་བའི་རྩ་བ་དེ་སེམས་ལ་ཐུག་བསྡད་ཡོད་པ་རེད། སོ་སོའི་སེམས་ནས་བསམ་བློ་གཏོང་སྟངས་དེ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་བསྡད་པ་ཡིན་ན་སྐྱིད་པོ་ཁྱོན་ནས་ཡོང་གི་མ་རེད། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་རེ་དོགས་ལུ་གུ་རྒྱུད་ནས་ཕྱིན་པ་ན་སྐྱིད་པོ་ཁྱོན་ནས་ཡོད་པ་མ་རེད། ཅེས་དང་།

ཡང་༧མགོན་པོ་གང་ཉིད་ནས་ཡབ་མེས་ཀྱི་རིང་ནས་ཡོད་པའི་ཁྱད་ནོར་བཀའ་འགྱུར་བསྟན་འགྱུར་སོགས་ཆོས་དཔེ་རྣམས་སློབ་དེབ་ཀྱི་ཚུལ་དུ་སློབ་སྦྱོང་བྱེད་མ་ཐུབ་ན་བརླག་འགྲོ་རྒྱུ་ཡིན་པའི་སྐོར་གསུངས་དོན། བོད་ཀྱི་མེས་པོ་གོང་མ་ཚོས་རྒྱ་གར་འཕགས་པའི་ཡུལ་གྱི་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ནལྜེནའི་ཆོས་རྒྱུད་དེ་དད་པ་བྱས་ནས་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུ་མིན་པར་ཤེས་ཡོན་རང་གི་རྟེན་གནས་ཆེ་ཤོས་ཤིག་ཆགས་བསྡད་ཡོད་དུས། ང་ཚོ་བོད་ཀྱི་ཆོས་རྒྱུད་དེ་ནལྜེནའི་ཆོས་རྒྱུད་དེ་བཙུགས་ཡོད་པ་རེད།

ད་ལྟ་ཡོད་པའི་བཀའ་འགྱུར་བསྟན་འགྱུར་པུ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་བསྡད་པ་དེ་དག་བཅོམ་ལྡན་འདས་ཀྱིས་བཀའ་གནང་བཞག་པ་དེ་ཚོའི་ཐོག་ནལྜེནའི་མཁས་པ་ཚོ་གཙོ་བོར་གྱུར་བའི་རྒྱ་གར་གྱི་མཁས་པ་ཚོས་བརྩམས་བཞག་པའི་ཡི་གེ་དེ་ཚོ་ཞེ་དྲག་གལ་ཆེན་པོ་རེད། ང་རང་ཚོའི་སྤྱི་ནོར་དང་ཡབ་མེས་ཀྱི་ནོར་བུ་རེད།

འདི་བདག་པོ་རྒྱག་དགོས་པ་རེད་ཤེས་སོང་ངམ། བཀའ་འགྱུར་བསྟན་འགྱུར་ཟེར་ནས་སྨོན་ལམ་རྒྱག་ས་འདྲ་བོ་ཞིག་ཏུ་བཞག་པ་ཡིན་ན་ནོར་འཁྲུལ་རེད། དེ་སློབ་དེབ་རང་བྱས་ནས་སློབ་སྦྱོང་བྱེད་དགོས་པ་རེད། ཆོས་ལ་དད་པ་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ཆོས་ལ་དད་པ་མ་བྱས་ནའང་འགྲིག་གི་རེད། ནང་པའི་གཞུང་ནས་སེམས་ཀྱི་སྒོམ་པ་གང་འདྲ་ཡིན་པ་དང་སེམས་ཀྱི་རྙོག་དྲ་འདྲ་མི་འདྲ་དེ་ག་འདྲ་ཉུང་རུ་གཏོང་དགོས་ཀྱི་ཡོད་མེད་སོགས་ཤེས་ན་སོ་སོའི་མི་ཚེའི་ནང་དཀའ་ངལ་འཕྲད་པའི་སྐབས་སུ་བསམ་བློ་བཏང་ན་ཞེ་དྲག་ཕན་གྱི་རེད།

དེང་སང་ང་རང་ཚོའི་གཞོན་སྐྱེས་རིགས་ཁ་ཤས་ཤིག་དེང་དུས་ཀྱི་ཤེས་ཡོན་ལ་ཞེ་དྲག་ཡིད་འཕྲོག་ནས་སོ་སོའི་ཕ་མེས་ཀྱི་གཅེས་ནོར་དེ་ཞེ་དྲག་ཤེས་ཀྱི་མེད་ལ། ཆོས་བཤད་མཁན་ཚོས་ཀྱང་ཆོས་པ་ཞིག་ཡིན་ཤག་བྱས་ནས་ཆོས་བཤད་པ་ཙམ་མ་གཏོགས་ཤེས་ཡོན་ཞིག་ལ་བརྩི་ཡི་མི་འདུག སོ་སོས་ཤེས་ཀྱི་ཡོད་པ་མ་རེད། སློབ་སྦྱོང་མ་བྱས་ན་ཤེས་ཀྱི་མ་རེད། ང་རང་ཚོ་ཆོས་པ་ཚོའི་ངོས་ནས་ཡོང་གི་མི་འདུག གཞོན་སྐྱེས་ཚོར་སློབ་མཁན་མེད་དུས་ཤེས་ཀྱི་མ་རེད། དེ་ནས་ཤེས་ཀྱི་མེད་དུས་དོ་སྣང་མེད་པ་རེད། སོ་སོ་ལ་ཁྱད་ནོར་ཞིག་ཡོད་པ་དེར་དོ་སྣང་མ་བྱས་ན་བརྗེད་འགྲོ་གི་རེད། བརླག་འགྲོ་གི་རེད་ཅེས་བཀའ་སློབ་ལམ་སྟོན་གཟབ་རྒྱས་གནང་ཡོད་འདུག

སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དཔེར་ན་བསམ་ཡས་གླིང་གཞིས་ཆགས་ལྟ་བུ་ཞིག་ཡིན་ན་ལོ་ལྔ་བཅུའི་རིང་ལ་ཆབ་སྲིད་གྱི་ཐོག་ནས་ཡིན་ན་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་སྐུ་ལས་བསྐྱོན་ཡོད་པ་རེད། ང་ལྟ་བུ་འདྲ་བོ་ཞིག་ཡིན་ན་ལྡི་ལིའི་མཐོ་སློབ་ཏུ་ལོ་དྲུག་རིང་བསྡད་པའི་སྐབས་སུ་ཨིན་ཌི་ཡ་གྷི་ཌི་དང་། ཅན་དིར་མན་དིར་སོགས་ལ་སྐད་འབོད་ལ་མཉམ་དུ་འགྲོ་མྱོང་མཁན་གྱི་རྒན་འཁོགས་དེ་འདྲ་འདིར་ཐུག་སོང་།

དེ་ཡིན་དུས་བཙན་བྱོལ་གྱི་ཆབ་སྲིད་ཀྱི་ཐོག་ལ་ཡིན་ན་གཞིས་ཆགས་འདིས་ཏན་ཏན་ཞབས་ཞུ་ཞུས་ཡོད་པ་རེད། དེ་ནི་གཟི་བརྗིད་རེད་དྲན་གྱིན་ཡོད། ཡིན་ན་ཡང་། བསམ་ཡས་གླིང་ལྟ་བུ་ལ་མཚོན་ན་ལས་ཀ་ཡག་པོ་བྱས་ནའང་རེད། སྡུག་པོ་ཞིག་བྱས་ནའང་རེད། རྒྱ་གར་གྱི་རྒྱལ་ས་ནང་ཡིན་དུས་དངོས་སུ་ཕྱི་ལོག་ཏུ་ཐོན་ཡོང་གི་ཡོད་པ་རེད། དེ་ཡིན་དུས་གཞིས་ཆགས་འབྲེལ་བའི་གནས་དོན་ས་གནས་མགོ་འཛིན་གྱི་ལས་སྡོམ་ནང་དུ་གསལ་བོ་ཞེ་དྲག་འདུག ད་བར་དུ་ཧུར་ཐག་འབད་ཐག་གནང་ཡོད་པ་རེད། གནང་བ་དེ་ལ་སྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་དང་།

མཇུག་མཐར་སྲིད་སྐྱོང་མཆོག་གིས། བོད་ནང་གི་བོད་མི་ཚོའི་མངོན་འདོད་འགྲུབ་པའི་ཆེད་དུ་ང་ཚོ་ཚང་མ་རྡོག་རྩ་ཆིག་ སྒྲིལ་དང་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་སྐུ་ལས་ཞིག་སྐྱོན་པ་ཡིན་ན། བོད་མིའི་རང་དབང་བསྐྱར་གསོ་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་བའི་ཉི་མ་གཏན་གཏན་ཤར་ངེས་རེད་ཅེས་གསུངས་འདུག

གཞན་ཡང་། ཉིན་དེར་༧མགོན་པོ་གང་ཉིད་ནས་བསམ་ཡས་གླིང་གཞིས་ཆགས་ཀྱི་བོད་མི་རྒན་འཁོགས་ཚོར་བཀའ་སློབ་ལམ་སྟོན་གནང་དོན། ང་རང་ཚོ་བོད་པ་རེད། སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་རེད། ང་ཚོ་སྐྱེས་པ་ནས་སྐྱེས་པ་ཚེ་རབས་ནས་ཚེ་རབས་བྱས་ནས་བསམ་བློ་གཏོང་རྒྱུ་ཡོད་པ་རེད། དེ་འདྲ་ཡིན་དུས། ཚེ་འདིའི་མི་གཅིག་རྫོགས་འགྲོ་བཞིན་ཡོད་པས། སོ་སོས་སྨོན་ལམ་ཡག་པོ་རྒྱག་དགོས་པ་རེད།

སོ་སོའི་མི་ཚེའི་འདིའི་རིང་ལ་བོད་སྤྱི་པའི་དོན་ལ་བོད་པ་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་སོ་སོའི་ཅི་འཇོན་གང་འཇོན་དང་། ཡ་རབས་བཟང་སྤྱོད་ལྡན་པ་དང་བོད་སྤྱི་བའི་དོན་ལ་མཚན་ཞབས་མི་བྱེད་པ་ཞིག་ཚང་མས་བྱེད་ཀྱི་ཡོད་པ་རེད། དེ་ཙམ་གྱི་ཐོག་ནས་བསོད་ནམས་བསགས་ཡོད་པ་རེད། དེའི་ཕྱིར་སོ་སོས་བསོད་ནམས་བསགས་བཞག་པ་དེ་ཡིས་སྐྱེས་བ་ཕྱི་མར་བོད་པའི་ནང་ལ་སྐྱེས་ཐུབ་པར་ཁྱེད་རང་ཚོས་སྨོན་ལམ་རྒྱག་དགོས་པ་རེད་ལ། ངའི་ངོས་ནས་ཀྱང་ཁྱེད་རང་ཚོ་སྤོ་རྨོ་ཚང་མ་ལ་སྨོན་ལམ་རྒྱག་བཞིན་ཡོད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༧༢༠༡༢༡༡༥༦
ཚང་མས་ཕྱོགས་རིས་མེད་པར་དོ་སྣང་གནང་ཤོག་ཨ།



བརྗོད་གཞི་གཞན་ཁག་ལ་གཟིགས།