དགོངས་ཚུལ།

༧གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བར་ཆོས་འབྲེལ་གནང་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༢༥ཉིན། ཁ་སང་ཕྱི་ཚེས་༢༤ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་སོགས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་༼སྤྱོད་འཇུག་༽གི་ཆོས་འབྲེལ་དབུ་འཛུགས་གནང་ཡོད་པ་རེད།

ཐེངས་འདིར་ཕྱི་ཚེས་༢༤ནས་༢༧བར་ཁྱོན་ཉིན་གྲངས་༤རིང་ཆོས་འབྲེལ་གནང་རྒྱུ་ཡིན་ཞིང་། ཆོས་འབྲེལ་དབུ་འཛུགས་མ་གནང་གོང་ཆེད་དུ་ཕེབས་པའི་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ ༡༣༠༠ དང་། བོད་ནས་གསར་དུ་ཕེབས་པའི་བོད་མི་ ༡༠ གྲངས་ཤིག་གིས་གཙོས་པའི་ཁྱོན་དད་ལྡན་ཆོས་ཞུ་བ་ ༣༠༠༠ ཙམ་ལ་བཀའ་སློབ་གསུང་བཤད་གནང་དོན།

དེ་རིང་གི་གདུལ་བྱ་གཙོ་བོ་དེ་ཁྱེད་རང་ཚོ་ཨུ་རུ་སུ་ནས་ཆེད་དུ་ཕེབས་པ་དེ་ཚོ་དང་། དེའི་ཞོལ་དུ་བོད་ནས་ཁ་ཐུག་གསར་པ་ཕེབས་པ་འགའ་ཤས་ཡོད་པ་ཁྱེད་རང་ཚོར་ཡིན། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་སུ་ལམ་རིམ་ཆེ་ཆུང་ཆོས་འབྲེལ་བྱས་དུས། དེ་ཚོ་ཉི་མ་བཅུ་གྲངས་ཤིག་གི་ནང་ཚར་བ་བྱེད་དགོས་དུས། ཤུགས་བརྒྱབ་ནས་ཕ་ཆེར་ཆུ་ཚོད་༥༠ཙམ་ཞིག་ཆོས་འབྲེལ་བྱས་དུས། དེས་འཆམ་པ་ཞིག་བརྒྱབ་བྱུང་ལ་སྐད་འགག་ནས་ད་ལྟ་ཕྲན་བུ་དྲག་ཏུ་ཕྱིན་འདུག

ཨུ་རུ་སུའི་ནང་ནང་པའི་ཆོས་བརྒྱུད་ཅིག་དང་ལྷག་པར་བོད་ནས་ཆོས་བརྒྱུད་ཕར་དར་བའི་ས་ཁུལ་ཁག་ཅིག་ཡོད་པ་རེད། སྔར་ས་ཁུལ་དེ་དག་ནས་དངོས་གནས་བོད་དབུས་ཀྱི་སྐད་ཐོག་ནས་དགེ་བཤེས་མཁས་པ་དེ་འདྲ་མང་པོ་བྱུང་ཡོད་པ་རེད། རིམ་པར་རིམ་པར་སོག་ཡུལ་དང་། བྷོ་རི་ཡ་ཁུལ་དེ་དག་ལའང་བཤད་སྒྲ་དེ་འདྲ་མང་པོ་ཡོད་ས་རེད། ཧ་ལམ་ལོ་བརྒྱ་ཕྲག་གི་རིང་ལ་བསྟན་པ་བཤད་སྒྲུག་གཉིས་ཐོག་ནས་དར་རྒྱས་ཤུགས་ཆེན་པོ་བྱུང་ཡོད་པ་རེད།

དེར་བརྟེན་ཕ་མེས་ནས་ནང་པ་ཡིན་པ་དེ་ཚོས་སོ་སོའི་ཕ་མེ་ནས་ཡོད་པའི་རིན་ཐང་ཅན་དེར་གཞི་ནས་དོ་སྣང་གསར་པ་འདྲ་ཞིག་བྱེད་ཀྱི་ཡོད་པ་དེ་ཧ་ཅང་ཡག་པོ་རེད། དེ་མིན་དེ་སྔ་ནང་པའི་ཆོས་དང་འབྲེལ་བ་མེད་པ། དེ་རིང་ཁ་སང་དོ་སྣང་གསར་པ་ཡོང་གིན་འདུག དཔེར་ན། མོ་སི་ཁོ་སོགས་ནས་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་གིན་ཡོད་པ་རེད།

ཁྱེད་རང་ཚོར་མཚོན་ན་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་མ་རེད། མང་ཆེ་བ་ཡི་ཤུའི་ཆོས་བྱེད་མཁན་ཆགས་བསྡད་ཡོད་པ་རེད། ངས་ནམ་རྒྱུན་སོ་སོས་སོ་སོའི་ཕ་མེས་ནས་ཡོད་པའི་ཆོས་བརྒྱུད་དེར་བརྒྱུད་འཛིན་བྱས་པ་ཡིན་ན་བརྟན་པ་ཡོད་པ་རེད། ཆོས་བརྒྱུད་བརྗེ་ཟེར་བ་དང་ཆོས་དད་བརྗེ་ཟེར་བ་དེ་ཚོར་ཏོག་ཙམ་བསམ་བློ་ཡག་པོ་གཏོང་དགོས་པ་ཞིག་ཆགས་ཡོད།

འོན་ཀྱང་དེར་རིང་ཁ་སང་། ཡོ་རོབ་ནང་དང་དེ་བཞིན་ཨ་རི་ལྷོ་བྱང་དེ་ཚོ་ཡིན་ནའང་འདྲ། དེ་སྔ་ནང་པ་དང་འབྲེལ་བ་མེད་རུང་དེང་རིང་ཁ་སང་སྤྱིར་ནང་ཆོས་དང་། ལྷག་པར་དུ་སངས་རྒྱས་པའི་ལྟ་གྲུབ་ཀྱི་སྐོར་ལ་དོ་སྣང་གསར་པ་ཞིག་ཡོང་གིན་ཡོད་པ་རེད། དེར་བརྟེན་ཁྱེད་རང་ཚོས་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཞིག་མིན་དུས་བསམ་བློ་ཡག་པོ་ཞིག་གཏོང་དགོས་པ་རེད། སོ་སོའི་ཁམས་དང་མོས་པར་སངས་རྒྱས་ཀྱིས་ལྟ་གྲུབ་དང་རན་པོ་ཞིག་དང་། སེམས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ན་སོ་སོ་རང་དབང་རེད། འོན་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་དེར་བརྩི་བསྐུར་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཡང་རིགས་འགའ་ཤས་ཀྱིས་སོ་སོའི་ཆོས་ལུགས་བརྗེས་པ་དེ་ཡང་དག་ཡིན་པའི་རྒྱུ་མཚན་དུ་ཡོང་བར་ཆོས་ལུགས་རྙིང་པ་དེར་ཏོག་ཙམ་མ་གུས་པའི་བཟོ་བྱས་པ་ཡིན་ན་དེ་ཡག་པོ་མ་རེད་ཅེས་གསུངས་ཡོད་པ་རེད།

ཡང་མགོན་པོ་གང་ཉིད་ཀྱིས། ཁ་སང་ཁ་ཉིན་ཉིན་༣ཙམ་གྱི་གོང་དུ་ཚགས་པར་ཞིག་མཐོང་བྱུང་། ཚགས་པར་དེའི་ནང་། འཛམ་བུ་གླིང་འདིའི་ནང་ཁྱོན་མི་གྲངས་དུང་ཕྱུར་༧༠ཙམ་ཡོད་པའི་ནང་། དུས་ཕྱུར་༡༠ལྷག་ཙམ་ཞིག་ཆོས་དད་ཡོད་པ་མ་རེད། ཆོས་ལ་དོ་སྣང་ཡོད་པ་མ་རེད་ཅེས་བཀོད་འདུག ཞིབ་ཚགས་པོ་བྱས་པ་ཡིན་ན། དུང་ཕྱུར་༧༠ནང་དུང་ཕྱུར་༡༠དེ་ཆོས་དད་མེད་པ་དང་། དུང་ཕྱུར་༦༠ལྷག་ཙམ་དེར་ཆོས་དད་ཡོད་པའི་སྐད་ཆ་ཡིན་ཡང་། ཡག་པོ་ཞིག་བལྟས་པ་ཡིན་ན། ཆོས་པའི་མིང་འཁུར་ནས་གང་བྱུང་མང་བྱུང་བྱེད་མཁན་ག་ཚོད་འདུག་ཨ། ཆོས་པའི་མིང་འཁུར་ནས་ཆོས་མིན་གྱི་ལས་བྱེད་མཁན་ག་ཚོད་འདུག་ཨ། དེ་ཚོར་དངོས་གནས་བྱས་པ་ཡིན་ན་ཁ་ཞེ་གཉིས་མེད་ཀྱིས་ཆོས་ལ་དོ་སྣང་དང་ཆོས་ལག་ལེན་སྐྱེལ་བཞིན་མེད་པའི་རྟགས་རེད།

ཆོས་མིན་གྱི་བྱ་བ་བྱེད་མཁན་དེ་ཚོ་དོན་གྱིས་ཆོས་ལ་དོ་སྣང་གང་ཡང་ཡོད་པ་མ་རེད། ཕྱིར་ལྟོ་གོས་འཚོལ་ཐབས་ཙམ་ལས་ངོ་ཐོག་ཆོས་ལ་བསམ་བློ་གཏོང་གིན་ཡོད་པ་མ་རེད། ཆོས་མིང་འཁུར་ནས་ཆགས་སྡང་བྱེད་མཁན་ཧ་ཅང་མང་པོ་འདུག་ཨ། འཁྲུག་པ་ཡང་རྒྱག་མཁན་མང་པོ་འདུག་ཨ། དོན་དམ་གྱིས་ཕ་ཆེར་ཆོས་པ་ཆགས་ཡོད་པ་མ་རེད། ཡང་ན་ཧ་ཅང་ལྐུག་པ། གླེང་རྟགས་ཚ་པོ་རེད། ཆོས་དད་མེད་མཁན་དེ་ཚོ་མེད་པ་རེད། ཆོས་དད་ཡོད་ཟེར་མཁན་དེ་ཚོས་ཀྱང་ཆོས་ཟེར་བ་དེ་ལམ་དང་ལུགས་སྲོལ་ལྟ་བུ་ཞིག་ལས། སེམས་དེ་འགུལ་བསྐྱོད་རྒྱག་དགོས་པ་དང་སེམས་ཀྱི་ཆགས་སྡང་ཉུང་དུ་གཏོང་ཡ། ང་ཞེས་པའི་རང་ལྟ་མཆོག་འཛིན་གྱི་བློ་ཤུགས་ཆུང་དུ་གཏོང་བར་དོ་སྣང་བྱེད་ཀྱིན་མི་འདུག་ཨ།

དེར་བརྟེན་དུས་རབས་༢༡པའི་ནང་ལ་ཆོས་དད་ཡོད་མེད་ལ་མ་བལྟོས་པར། མི་ཞིག་ཡིན་ཕྱིན་ཆད་ལ་བྱམས་བརྩེ་དགོས་ཀྱི་ཡོད་པ། དེ་རིང་ཁ་སང་དང་འདོད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཆོས་དད་ཡོད་ཀྱང་རུང་མེད་ཀྱང་རུང་། གང་ལྟར་བརྩེ་བ་ཡོད་ན་སེམས་སྐྱིད་པ་ཡོད་པ་རེད། ཞེ་སྡང་དང་། ཕྲག་དོགས། འགྲན་སེམས་སོགས་དེ་འདྲའི་བློ་ཤུགས་ཆེན་པོ་ཡོད་མཁན་དེ་ཚོར། སོ་སོ་སྐྱིད་པ་ཡོད་པ་མ་རེད། གཞན་ལ་བརྩེ་སེམས་ཀྱི་བློ་ག་ཚོད་ཤུགས་ཆེ་བ་ཡོད་པ་དེ་ཚོད་ཀྱིས། མི་དེ་སེམས་སྐྱིད་པ་ཡོད་པ་རེད། གང་ཡིན་ཟེར་ན། ནམ་རྒྱུན་ང་ཚོར་ཕྲག་དོགས་ཡོང་ཡ་དང་། འཇིགས་སྣང་ཡོང་ཡ། འགྲན་སེམས་ཡོང་ཡ་ཟེར་བ་དེ་ཚོ་གཞན་ལ་བལྟོས་ནས་ཡོང་བ་ཞིག་རེད། མ་གཏོགས་སོ་སོས་སོ་སོར་ཕྲག་དོགས་གང་ཡང་མེད་པ། སོ་སོས་སོ་སོར་འགྲན་སེམས་གང་ཡང་མེད་པ། གང་ལྟར་ཡུལ་སེམས་ཅན་ཞིག་ལ་བལྟོས་ནས་ཕྲག་དོགས་དང་། འགྲན་སེམས། གནག་སེམས་སོགས་ཡོང་གི་ཡོད་པ་རེད་ཅེས་གསུངས་སོང་།

ཕྱི་ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་སངས་རྒྱས་སྨན་བླའི་བཀའ་དབང་ཡང་སྩལ་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ཆོས་འབྲེལ་དེ་བཞིན་དྲ་རྒྱའི་ཐོག་ཨུ་རུ་སུ་དང་། བོད་སྐད། རྒྱ་སྐད། དབྱིན་སྐད། སོག་སྐད་བཅས་ཀྱི་ནང་སྐད་བསྒྱུར་གནང་གིན་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།