ཕྱི་ཟླ་༡པོར་བཀའ་སྤྱི་ཐུན་མོང་གིས་བོད་དོན་ལས་འགུལ་སྤེལ་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡༠ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༩ཡོལ་ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་༢༣འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་གལ་ ཆེན་འདི་དང་བསྟུན་ཏེ་བོད་གཞུང་མང་གཉིས་ནས་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

༧སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ཏེ་མི་ལོ་ཧྲིལ་པོ་༢༣འཁོར་བ་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་མི་ལོ་༦༤འཁོར་བའི་ཉིན་མོ་གལ་ཆེན་འདི་དང་སྟབས་བསྟུན་ཏེ། དེ་རིང་སྔ་དྲོ་ཆུ་ཚོད་༩ཡོལ་ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་དབུས་པའི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་ཀྱི་གཙོས་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ།  གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འཐུས་ཚབ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དྷ་ས་ཁུལ་གྱི་བོད་རིགས་སེར་སྐྱ་མི་མང་བཅས་འདུ་འཛོམས་གནང་འདུག

ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་།  བོད་མིའི་རང་དབང་དང་དྲང་བདེན་གྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་གནང་རྗེས། ཟློས་གར་ཚོགས་པས་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་གླུ་ཕུལ། དེ་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལས་བྱེད་བགྲེས་ཡོལ་ཐོན་པ་བཞི་དང་། མི་ལོ་༢༥སྲི་ཞུ་བསྒྲུབས་པའི་ལས་བྱེད་ཁག་ཅིག་ལ་ཐུགས་རྗེ་ལེགས་གསོལ་གྱི་བྱ་དགའ་གནང་བ་དང་། དེ་རྗེས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་དབྱིན་ཡིག་ཚགས་པར་(The Tibet Post)དང་། ཕྱི་དྲིལ་ལས་ཁུངས་ཀྱིས་ཕྱོགས་སྒྲིག་བྱས་པའི་༼འབར་བཞིན་པའི་བོད༽ཅེས་པའི་དེབ་ཅིག ཟློས་པར་ཚོགས་པའི་འོད་ཟེར་འགའ་བཅས་དབུ་འབྱེད་གནང་སོང་། 

སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་འཚམས་འདྲི་དང་བཅས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱང་གནང་བའི་ནང་དུ་རྒྱ་རིགས་མི་མང་ལ་གསལ་འདེབས་འབོད་སྐུལ་གནང་དོན། བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་ལ་ཁ་གཏད་འགལ་ཟླར་ལངས་པ་ཞིག་མིན། ང་ཚོའི་དགོས་འདུན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མིང་དོན་མཚུངས་པའི་རང་སྐྱོང་དང་རང་དབང་གི་གནད་དོན་དེ་ཡིན། དེར་བརྟེན་རྒྱ་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་བོད་མིའི་མངོན་འདོད་འགྲུབ་ཐབས་སུ་མཉམ་རུབ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང་།

ཕྱི་ལོ་༢༠༡༣ཟླ་༡ཚེས་༣༠ནས་ཟླ་༡ཚེས་༢བར་ཉིན་བཞིའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག མང་ཚོགས་འདུ་འཛོམས་དང་གཏམ་བཤད་སོགས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་ལ། དེ་སྐབས་བཀའ་བློན་རྣམ་པ་དང་། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ། དེ་བཞིན་བོད་མིའི་གཞིས་སྒར་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

མཇུག་མཐར་གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར། ང་ཚོ་དུས་རྟག་ཏུ་ཁྱེད་ཚོའི་རྒྱབ་ཏུ་ཡོད་མུས་ཡིན། ང་ཚོས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་ཀྱི་ལམ་སྟོན་ལ་བརྟེན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་དང་། བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱའི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས་སྤྱིོ་འཐུས་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་དོན། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོིགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་དགོངས་དོན་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་(International Solidarity Day for Tibet)ཞེས་ལོ་ལྟར་ཕྱི་ཟླ་༥པའི་ཚེས་༡༧ཉིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར་པའི་ཉིན་མོ་དང་སྟབས་བསྟུན་སྲུང་བརྩི་ཞུ་རྒྱུར་བཀའ་སྤྱི་ཐུན་མོང་གིས་གཏན་འབེབས་གནང་ཡོད་པ་ལྟར། ལས་འགུལ་འདི་ཉིད་རྒྱལ་སྤྱིའི་ཁྱོན་དུ་རྒྱ་ཆེ་ལ་ཕན་རླབས་ལྡན་པའི་ངང་སྤེལ་ཐུབ་རྒྱུར་ཕྱོགས་ཚང་མས་མཉམ་རུབ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང་།

དེ་བཞིན་ལོ་གསར་པའི་ནང་དུ་དུས་ཡུན་ཟླ་གཅིག་ཙམ་གྱི་རིང་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་པའི་སྐོར་ལ་གསུངས་དོན། གཞིས་ལུས་བོད་མིས་བར་མཚམས་མེད་པར་རང་ལུས་མེར་བསྲེགས་སོགས་གནང་སྟེ་མི་སྤྱོད་ལས་འདས་པའི་རྒྱ་གཞུང་གི་སྲིད་བྱུས་ལ་ཞི་རྒོལ་གནང་དང་གནང་བཞིན་པར་དྲག་གནོན་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ཉེན་ཆེ་བའི་ཛ་དྲག་གཉན་འཕྲང་ཅན་འདིར་བློས་འགན་བཟོད་ཐབས་བྲལ་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་༡ཚེས་༡ཕྱི་ལོ་གསར་ཚེས་ཉིན་མོ་ནས་བཟུང་ཟླ་གཅིག་ཙམ་རིང་། རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས། བྱང་ཤར་བཅས་བརྒྱུད་དེ་མངའ་སྡེ་སོ་སོའི་ལྟེ་གནས་ཀྱི་དཔོན་རིགས་དང་། གསར་འགོད་པ། མི་མང་བཅས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཆེད་སྤྱི་འཐུས་དྲུག་རེས་སྣེ་འཁྲིད་པའི་མི་མང་མཉམ་ཞུགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འཆར་ཡོད་པ་དང་། ལས་འགུལ་གཞན་ཁག་ཀྱང་བང་སྒྲིག་བཞིན་ཡོད་པས་བོད་མི་ཚང་མས་ཕྱར་གྲུ་མཉམ་འདེགས་དགོས་ཞེས་གསུངས་སོང་།

གཞན་ཡང་། སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་(Gp Capt H Rajagopal)མཆོག་གིས་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པའི་སྐོར་གསུང་བཤད་གནང་རྗེས།  ཁོ་ཚོས་གོ་སྒྲིག་ལྟར་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཧིན་ལུགས་ཀྱི་བསྔོ་སྨོན་མཛད་པ་དང་། དེ་རྗེས་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་དང་བོད་ཀྱི་ཟློས་གར་ཚོགས་པ་བཅས་ནས་མ་ཎི་དབྱངས་གྱེར་སོགས་ཀྱི་འཁྲབ་སྟོན་གནང་གྲུབ་པ་དང་གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ་དབུ་འཛུགས་གནང་སོང་།  
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།