བོད་ཀྱི་ཆ་འཕྲིན་ཞེས་པའི་དབྱིན་ཡིག་ཚགས་ཤོག་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡༠ཉིན། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་༢༣འཁོར་བའི་དུས་དྲན་ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤན་པ་ཚེ་རིང་མཆོག་གིས། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་འགྱུར་ལས་ཁུང་གི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་༼The Tibet Post international༽ཞེས་པའི་དབྱིན་ཡིག་གི་ཚགས་པར་དབུ་འབྱེད་གནང་ཡོད་པ་རེད།

བཙན་བྱོལ་ནང་བདུན་གཉིས་རེའི་དབྱིན་ཡིག་གི་ཚགས་པར་འདི་འདྲ་ཞིག་འདོན་སྤེལ་ཞུ་དགོས་པའི་དམིགས་ཡུལ་གཙོ་བོར། བཞུགས་སྒར་དྷ་རམ་ས་ནི་རྒྱལ་སྤྱིའི་མི་སྣ་ཕལ་ཆེ་འཛོམས་པའི་ས་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་བརྟེན་བོད་མི་རང་ངོས་ནས་འདོན་འགྲེམས་ཞུ་བའི་དབྱིན་ཡིག་ཚགས་ཤོག་གང་མང་ཞིག་ཡོང་ཐུབ་ན་ཁོང་རྣམ་པར་བོད་དོན་སྤྱི་དང་བྱེ་བྲག་ཏུ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་ཁག་གི་ཐོག་གོ་རྟོགས་ཆེ་བ་ཡོང་རྒྱུ་དང་། བོད་མིའི་གཞོན་སྐྱེས་མང་པོ་ཞིག་གིས་དབྱིན་ཡིག་ལའང་དོ་སྣང་ཆེན་པོ་གནང་གི་ཡོད་པས་ན། ཁོང་རྣམ་པས་དབྱིན་ཡིག་ཚགས་པ་ནས་རྒྱལ་སྤྱི་དང་བོད་དོན་ཐོག་གོ་རྟོགས་ཆེ་བ་སླེབས་རྒྱུ་མ་ཟད། དབྱིན་སྐད་ཡར་རྒྱས་གཏོང་རྒྱུ་ལ་ཕན་ཐོགས་ཡོང་རྒྱུའི་རེ་བ་བཅས་བཅངས་ཡོད་ཅེས་དང་།

དེ་བཞིན་བཞུགས་སྒར་དུ་ས་གནས་གང་ས་ནས་ཕེབས་མཁན་རྒྱ་གར་མི་མང་ནས་ཚགས་པར་འདི་བརྒྱུད་བོད་དོན་ལ་སྔར་ལས་དོ་སྣང་སླེབས་པའི་རེ་བ་དང་། བོད་མིའི་སློབ་གྲྭ་ཁག་དང་ཤེས་ཡོན་བསྟི་གནས་ཁག་ལ་གོང་ལྟར་དམིགས་ཡུལ་བཟུང་ནས་འགྲེམས་སྤེལ་ཐུབ་པའི་འབད་བརྩོན་ཞུ་འཆར་དང་། གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དབྱིན་ཡིག་ཚགས་པར་ཞིག་མང་དུ་འགྲོ་བའི་ཁྱད་པར་སོགས་ཀྱི་དགོས་པ་དུ་མ་དམིགས་པ་ཞིག་ཡིན་ལུགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནི་ཕྱི་ལོ་༢༠༠༧ལོའི་ལོ་མཇུག་ཏུ་འགོ་འཛུགས་ཞུས་པ་ནས་ལོ་བཞི་ལྷག་ཕྱིན་ཡོད་པ་དང་། དུས་ཡུན་དེའི་རིང་ལ་གསར་ཁང་གི་ངོས་ནས་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ལམ་སྟོན་འོག་བོད་མིའི་གསར་ཁང་ཞིག་གིས་ཁུར་དགོས་པའི་ལས་དོན་རྣམས་རང་ནུས་ལ་དཔག་ཚོད་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་སྲི་ཞུ་མི་དམན་པ་བསྒྲུབས་ཡོད་། དེ་ཡང་ལོ་ངོ་དེ་དག་གི་རིང་འདི་ག་གསར་འགྱུར་ལས་ཁང་གིས་བོད་བསྟན་པ་ཆབ་སྲིད་དང་བོད་ཀྱི་དོན་བདེན་མཐའ་མྱུར་དུ་སེལ་བའི་ཆེད་དུ་བོད་དང་བོད་མིའི་ཉིན་རེའི་གསར་འགྱུར་ཁག་རྒྱ་ཡིག་དང་དབྱིན་ཡིག བོད་ཡིག་བཅས་སྐད་ཡིག་གསུམ་གྱི་ཐོག་དུས་ཐོག་དྲ་ལམ་བརྒྱུད་འདོན་འགྲེམས་ཞུ་བཞིན་ཡོད་ཅེས་འདི་ག་གསར་ཁང་གིས་ངོས་ནས་འགྲེལ་བརྗོད་གནང་འདུག

ལྷག་པར་དུ་རྒྱ་ནག་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་ཁག་བོད་མི་མི་རེ་ངོ་རེ་ནས་ངོ་སྤྲོད་གསལ་བཤད་གནང་དགོས་གལ་ཆེ་བའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བཀའ་སློབ་རིམ་པ་ཕེབས་པ་ཁག་ལ་གལ་འགངས་ཆེན་པོས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་འདི་འགོ་བཙུགས་པ་ནས་རྒྱ་ཡིག་ཐོག་གསར་འགྱུར་ཁག་དུས་ཐོག་འདོན་འགྲེམས་ཞུས་དང་ཞུ་བཞིན་པར་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན། ཧོང་ཀོང་དང་དེ་མིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཚོར་དོ་སྣང་ཆེན་པོ་སླེབས་ཀྱིན་ཡོད་ཅེས་དང་།

མཐའ་དོན་ནུས་སྟོབས་ཆེ་ཆུང་ལ་མ་ལྟོས་པར་བཙན་བྱོལ་བའི་གསར་ཁང་ཞིག་ཡིན་པའི་ཆ་ནས་བོད་དོན་ཐད་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རང་རིགས་སྤུན་ཟླ་ཚོའི་འཇིགས་ཞུམ་བྲལ་བའི་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ཁག་དང་ཆིག་སྒྲིལ་གྱིས་གཅོས་ཁོང་རྣམ་པའི་བདེན་པའི་འབོད་སྒྲ་དང་ཞལ་ཆེམ་དག་སྙིང་དབུས་སུ་བཅངས་ཏེ་སྲི་ཞུ་བསྒྲབས་ཡོད་པ། བོད་ཀྱི་བདེན་མཐའ་མ་གསལ་གྱི་བར་དུ་རྒྱ་གཞུང་གིས་རྫུན་བསྒྲིགས་འཁྱོག་བཤད་དང་བོད་མི་རིགས་་མ་ཉེས་ཁག་གཡོག་གིས་སྐྱོན་འཛུགས་བྱས་དང་བྱེད་བཞིན་པ་ཁག་ལ་མཐའ་གཅིག་ཏུ་རྒོལ་ལན། ལྷག་པར་དུ་ཡུལ་དུས་ཀྱི་དམིགས་འབེན་ལ་ངོས་འཛིན་མ་ནོར་ཞིང་། རྟག་ཏུ་ཆོད་སེམས་བརྟན་པོས་ཧུར་ཐག་ངང་བསྒྲུབས་ཡོད་བསམ་པའི་སྤོབས་པ་དང་། མ་འོངས་པར་ཡང་མགོན་པོ་གང་ཉིད་ནས་བོད་མི་མང་ལ་གསོལ་རས་སུ་བསྩལ་གནང་བའི་མང་གཙོ་འཕེལ་རྒྱས་ཀྱི་ཆེད་དུ་གསར་འགྱུར་བརྒྱུད་ལམ་འདི་བརྒྱུད་ནས་ལེགས་གཅེས་ཀྱི་ཆ་ཕྲ་མོའི་ཕྲ་མོ་ཞིག་འབུལ་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད་ཅེས་སོགས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་གསར་ཤོག་དེའི་དབུ་འབྱེད་གསལ་བསྒྲགས་སུ་འཁོད་ཡོད་པ་རེད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།