༧གོང་ས་མཆོག་གིས་མོན་གྷོ་རུ་མཛད་འཕྲིན་སྐྱོང་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༤ཉིན། གླིང་བླ་བྲང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཙོ་གྱུར་གྱི་དད་སྦྱིན་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། གདནས་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གཉིས་ སུ་ལམ་རིམ་ཆེན་མོའི་གསུང་ཆོས་ཆེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཕྱི་ཟླ་༡༡པའི་ཚེས་༢༩རེས་གཟའ་ ཕུར་བུ་ཉིན་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོ་བདེ་བར་འཁོད།

ཉིན་རྒྱབ་ཚུ་ཚོད་༡ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་འབྲས་དཀར་སྤྲུངས་པའི་ཚོགས་ཆེན་གྱི་བཞུགས་ཁྲིར་༧ཞབས་སོར་འཁོད་བསྟུན། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། འབྲས་སྤུངས་མཁན་པོ་ཁྲི་པ་བློ་བཟང་བསྟན་པ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། མགོན་པོ་གང་ཉིད་ནས་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་དགའ་ལྡན་ཕོ་བྲང་དབར་གྱི་འབྲེལ་བའི་སྐོར་སོགས་བཀའ་སློབ་སྩལ་དོན།

༧གོང་ས་ལྔ་པ་ཆེན་པོས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་འབྲས་སྤུངས་ནས་རྩེ་པོ་ཏ་ལར་ཚུར་ཕེབས་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་པ་རེད་མ་གཏོགས་འགྲོ་སྟངས་ཏེ་རྩེ་ཕོ་བྲང་ནས་འབྲས་སྤུངས་ལ་ཡར་ལོག་རྒྱུའི་མཚམས་ལ་བསླེབས་ཡོད། དེར་བརྟེན་ང་ཚོ་བྱེས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པར་སྔོན་ལ་བཅར་ཐུབ་ན་བསམས་བྱུང་། གཙོ་ཆེ་ཤོས་གླིང་རིན་པོ་ཆེའི་གདུང་རྟེན་འདིར་བཞུགས་ཡོད། རྗེ་རིན་པོ་ཆེའི་སྨད་དུ་བྱུང་བའི་ལེགས་བཤད་གངས་ཅན་མཁས་པའི་གཞུང་པོད་བཅོ་བརྒྱད་ཡོད་པའི་ནང་བཤད་ལུང་ཡོད་པ་པོད་དགུ་ཙམ་འདུག

འབད་བརྩོན་བྱས་ཏེ་བཤད་ལུང་གང་ས་ག་ནས་བཙལ་ཏེ་བཤད་ལུང་ཡོད་པ་དེའི་ནང་ནས་སྐབས་སུ་བབས་པ་དེ་ལམ་རིམ་ཆེ་འབྲིང་ཆུང་གསུམ་ཞུ་བ་ཡིན་ནའང་འདྲ། ལམ་རིམ་ཆེན་མོ་དང་ལམ་རིམ་ཆུང་ངུ་། ལམ་རིམ་བསྡུས་དོན་གཙོ་བོར་གྱུར་བ་དེ་དང་འབྲེལ་བའི་ཁྲིད་ཆེན་ཁག་གི་ཁྲིད་རྒྱུན་ཐོབ་པ་དེ་དག་ཆ་ཚང་དེ་རེས་འདོན་རྒྱུའི་གོ་སྐབས་བྱུང་བ་རེད། ཆད་ཉན་བྱེད་པའི་རིང་འདིར་རྗེ་རིན་པོ་ཆེས་གཏེར་ནས་བཞེས་པའི་ཆོས་དུང་དེ་མར་གདན་འདྲེན་ཞུས་ཏེ་དེའི་བྱིན་རླབས་དང་རྟེན་འབྲེལ་གྱི་ཁྱད་པར་ཏན་ཏན་ཡོང་གི་རེད་བསམས་བྱུང་།

བདུན་ཕྲག་གཉིས་ཀྱི་རིང་ལམ་རིམ་གྱིས་ཆོས་འབྲེལ་བྱེད་ས་སོ་སོར་གདན་འདྲེན་ཞུ་རྒྱུ་ཡིན། ཆོས་དུང་དེ་འབྲས་སྤུངས་ཀྱི་ཡིན་དུས་འབྲས་སྤུངས་ཁྲི་པར་མར་གདན་འདྲེན་ཞུས་ཆོག་པའི་ཆོག་ཆོག་མཆན་ཞུ་གི་ཡིན། དེ་རིང་གླིང་རིན་པོ་ཆེ་གློ་བུར་གྱི་བརྡབ་ཆག་བྱུང་སྟེ་སྐུ་འགེགས་རེད། དེ་ལྟར་ཆགས་སོང། དེ་བློ་ཕམ་བྱུང་མ་གཏོགས་གཞན་ཚང་མ་གྲ་སྒྲིག་པོ་ཧ་ཅང་ཡག་པོ་བྱུང་སོང་བས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་རོགས་གནང་ཞུ་རྒྱུ་ཡིན་ཞེས་གསུངས།

ཡང་མགོན་པོ་གང་ཉིད་ཀྱིས། སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་ཆབ་སྲིད་ཀྱི་འགན་ཚུར་ཞུས་པ་རེད། ད་ཆ་ལོ་ངོ་ ༦༠ ཕྱིན་པའི་རྗེས་སུ་མི་མང་གིས་མང་གཙོའི་ལམ་ནས་མང་མོས་ཀྱི་འོས་འདེམས་བྱུང་པའི་ཆབ་སྲིད་ཀྱི་འགོ་ཁྲིད་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་ལས་འགན་རྩིས་སྤྲོད་ཐུབ་པ་བྱུང་བ་དེ། དངོས་གནས་དགའ་ཞིང་སྤྲོ་ཞིང་དང་སྤོབས་པ་བྱས་ཏེ་ཕུལ་གྱི་ཡོད། དེར་བརྟེན་ཧ་ཅང་དགའ་པོ་བྱུང་། ང་ཚོ་རྒྱ་གར་ལ་བསླེབས་མ་ཐག་ནས་བཟུང་ང་ཚོས་མང་གཙོའི་ལམ་ལ་འགྲོ་རྒྱུ་ཞིག་བྱས་པ་རེད། དེར་བརྟེན་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་གཅིག་ད་རེས་བསྒྲུབས་སོང་ཞེས་ཞུ་རྒྱུ་བྱུང་ཞེས་བཀའ་སློབ་བསྩལ་འདུག

དེ་རྗེས་མགོན་པོ་གང་ཉིད་ཀྱིས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་གླིང་དུ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕྱི་ལོ་ ༢༠༡༢ ལོའི་སློབ་གཉེར་དོ་དམ་པས་གོ་སྒྲིག་གནང་བ་ལྟར། རྗེ་བདག་ཉིད་ཆེན་པོས་མཛད་པས་བྱང་ཆུབ་ལམ་རིམ་ཆེན་མོའི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་དབུ་འབྱེད་གནང་ཡོད་པ་རེད།

ཕྱི་ཚེས་༣༠ཉིན་མགོན་པོ་གང་ཉིད་ཀྱིས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་ཆེན་མོའི་ནང་དགེ་བཤེས་བླ་སྤྲུལ་དང་། གདན་ས་གསུམ་གཙོ་བོར་གྱུར་པའི་དགེ་འདུན་པ་དང་། རྒྱ་བལ་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་༥༣ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་༣༠༠༠༠ ལས་བརྒལ་བར་༼ལམ་རིམ་ཁྲིད་ཆེན་བརྒྱད་གཙོ་གྱུར་གྱིས་ལམ་རིམ་རྩ་འགྲེལ་བཅོ་བརྒྱད་ཀྱི་སྒོ་ནས་གསུང་ཆོས་༽དབུ་འཛུགས་གནང་།

ཟླ་འདིའི་ཕྱི་ཚེས་༡ཉིན་གྱི་སྔ་དྲོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཤར་རྩེ་རྒྱལ་བའི་ཕོ་བྲང་ནས་གསུང་རའི་མདུན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་གླིང་རིན་པོ་ཆེའི་སྐུ་ཚབ་དགེ་བཤེས་རྣམ་རྒྱལ་དབང་ཆེན་ལགས། དགའ་ལྡན་ཤར་རྩེ་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག དད་ལྡན་གསུང་ཆོས་ཀྱི་སྦྱིན་བདག་གི་འཐུས་ཚབ་བཅས་ཀྱིས་དུང་རྒྱ་སྤོས་སྣེས་མངོན་བསུས་ཏེ་ཞུགས་ཁྲི་རིན་པོ་ཆེར་༧ཞབས་སོར་འཁོད་བསྟུན་ལམ་རིམ་གསོལ་འདེབས་གསུང་འདོན་གྲུབ་མཚམས་བོད་ནས་ཆོས་ཞུར་བཅར་བ་རྣམས་ལ་དམིགས་བསལ་བཀའ་སློབ་ཕེབས་དོན།

བོད་ནས་ཆོས་ཞུར་སླེབས་པ་ཁྱེད་རྣམས་གཟབ་གཟབ་བྱས་ཏེ་ཉན་རོགས། དཔེ་ཆ་རག་སོང་ངམ། དེ་རིང་ཁ་སང་བོད་ནང་གནས་སྟངས་ཛ་དྲག་གི་རྐྱེན་པས་གང་ལྟར་ཆོས་ལ་སློབ་གཉེར་བྱེད་རྒྱུ་ཟེར་བ་དེ་ནི་དེ་སྔ་ཆོས་འདོན་མཁན་འགའ་ཤས་ཡོད་པ་རྣམས་རྫོགས། གསར་པ་ཡང་སློབ་གཉེར་ཡོད་པ་དེ་འདྲ་ཧ་ལམ་མཐོང་རྒྱུ་མེད་པའི་བཟོ་འདྲ་ཞིག ས་ཁུག་ལུང་ཁུག་གི་མདོ་སྟོད་སྨད་ས་ཁུལ་འགའ་ཤས་ཡོད་པ་མ་གཏོགས་གཞན་ཁག་པོ་འདུག ང་ཚོ་དེ་སྔ་བོད་ནང་ཡོད་དུས་ཀྱི་གོམས་གཤིས་དང་མཐོང་ཚུལ་ནི་ཆོས་སློབ་སྦྱོང་བྱེད་ཟེར་བ་ཕྱོགས་གཅིག་ནས་དགེ་འདུན་པའི་ལས་འགན་ཡིན་པའི་བཟོ་འདྲ་ཞིག

དེའི་ནང་ཚན་ནས་མཚན་ཉིད་ཀྱི་གྲྭ་ཁག་དང་བཤད་གྲྭ་དེ་ཚོའི་ལས་འགན་ཡིན་པ་མ་གཏོགས་སྤྱི་བྱིངས་སེར་མོ་བ་ཚོས་སོ་སོའི་ནམ་རྒྱུན་གྱི་ཆོ་ག་ཕྱག་ལེན་འདྲ་བཏོན་སྡོད་རྒྱུ་དེས་འགྲིགས་པའི་བཟོ་འདྲ་ཞིག འདོན་པའི་ཚིགས་ཙམ་མ་གཏོགས་གོ་རྟོགས་གང་ཡང་མེད་པར་བཏོན་འགྲོ་གི་འདུག

མི་མང་སྐྱ་བོ་ཕོ་མོ་ཚོ་སྤྱིར་བཏང་ཁ་འདོན་དགེ་སྦྱོར་བྱས་ན་ཞེ་དྲག་ཡག་པོ་རེད་མ་གཏོགས་གཞུང་ཆེན་མོ་བལྟས་ཟེར་བར་དོ་སྣང་ཁྱོན་ནས་བྱེད་ཀྱི་མི་འདུག་པས་དེ་ནི་རྗེས་ལུས་དང་ནོར་འཕྲུལ་རེད། ངོས་ཀྱི་ནམ་རྒྱུན་བོད་པ་ཙམ་དུ་མ་ཟད་ནང་ཆོས་བྱེད་མཁན་རྒྱ་རིགས་དང་ཉི་ཧོང་། ཝི་ཊི་ནམ། ཀོ་རི་ཡ། དེ་བཞིན་སྦར་མ་དང་ཤྲི་རི་ལཱངྐ་། ཐེ་ཝན་ལ་སོགས་པའི་ཆོས་གྲོགས་ཚང་མར་ང་ཚོ་ཕ་མེས་ནས་ནང་པ་ཡིན་མཁན་ཚོ་དུས་རབས་ཉི་རྩ་གཅིག་པའི་ནང་པ་བྱེད་དགོས་རེད་ཅེས་རྟག་ཏུ་འབོད་སྐུལ་བྱེད་ཀྱི་ཡོད།

དུས་རབས་ཉེར་གཅིག་པའི་ནང་པ་ཟེར་ན་གང་འདྲ་ཞིག་ལ་ཟེར། དེ་ནི་སངས་རྒྱས་པའི་ཆོས་དེ་གང་འདྲ་ཡིན་པ་ཞིག་ཤེས་པར་བྱས་ཏེ་འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཞེ་དྲག་ཡོད། ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ་དེ་ཚོ་ཉམས་ལེན་བྱེད་རྒྱུའི་བསླབ་བྱ་རྒྱག་མཁན་གཅིག་པ་རེད། ཆོས་ལུགས་སོ་སོར་སྟོན་པ་རེར་དང་སྐྱབས་གནས་རེ་རེ་ཡོད་པ་གཅིག་པ་ཡིན།

སངས་རྒྱས་པའི་ཆོས་ནི་དེ་དག་དང་མི་འདྲ་བ་ཞིག་ཡོད་པ་དེ་སྔོན་ལ་སངས་རྒྱས་བཅོས་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན། ཞེས་གསུངས་བ་དང་སོ་སོ་རང་གི་མདུན་ལམ་དེ་རང་ཉིད་ཀྱི་བསྒྲུབ་དགོས་རྒྱུ་ཞིག་རེད་མ་གཏོགས་གཞན་སྐྱབས་འཇུག་ཞུས་ཏེ་འཇིག་རྟེན་བཀོད་པ་པོ་འདོད་པ་ནང་ལྟར་བྱས་ཏེ་གཞན་ཞིག་གི་ཕྱག་འཇུག་གནང་རྒྱུ་མེད།

དཔེ་ཆ་ལྟ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག་ཤེས་སོང་ངམ། དེ་བཞིན་ཆོས་གྲོགས་སིང་གྷ་པུར་དང་ཆེན་པོ་ཧོར་གྱི་ཡུལ་གྲུ་ཁག་ཚོ་བྱས། ཁྱེད་རང་ཚོ་ཚང་མ་སློབ་གཉེར་བྱེད་རྒྱུ་དེ་ཞེ་དྲག་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༣ཆོས་འབྲེལ་ཉིན་བཞི་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་དོན། ང་ཚོ་བཙན་བྱོལ་སླེབས་ཏེ་འགོ་སྟོད་ཡིན་ན་སྐྱབས་མེད་མགོན་མེད་སྟེང་ལ་ང་ཚོ་ཚང་མས་སེམས་ཤུགས་སྐྱེས་ཏེ་དགེ་འདུན་པ་ཚོ་སྦག་ས་ཆོས་སྒར་མེ་ས་མ་རིར་ཐོག་མ་ཡོང་དུས་དགེ་འདུན་སློབ་གཉེར་བ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སློབ་གཉེར་དེ་དག་ཟུར་དུ་སྡོད་ས་ཞིག་དགོས་ཀྱི་འདུག

མི་མང་རྣམས་མེ་ས་མ་རིའི་ཚ་བའི་ནང་ནས་ས་བསིལ་ས་ཞིག་ལ་གཏོང་རྒྱུ་དེ་ཡང་འཚོ་བ་འཁྱོལ་ས་ཞིག་བསམ་བློ་གཏོང་དགོས་དུས་སྐབས་དེར་གཞན་གང་ཡང་བྱེད་རྒྱུ་མེད་ལམ་བཟོར་འགྲོ་རྒྱུ་རེད། ཅམ་པ་དང་། ཀུ་ལུ། འབྲས་ལྗོངས་ཁུལ། དེ་དུས་དགེ་འདུན་པ་ཡང་མང་པོ་ཞིག་ཡོད།

ད་ཆ་ཁྱེད་རང་ཚོ་འགའ་ཤས་ལྷག་ཡོད་དམ། ཅམ་པར་ཧ་ལམ་དགེ་འདུན་པ་སྟོང་ཕྲག་ཡས་མས་ཡོད། ངོས་རང་ཅམ་པའི་ལམ་བཟོར་ལྟ་བར་ཕྱིན་པ་ཡིན། སྐབས་དེར་གསོ་སྦྱོང་ཞིག་འཁེལ་ཏེ་ཚོགས་པ་རེད་དགེ་འདུན་པ་ཚོར་གྲྭ་ཆས་མེད་པར་གུ་ཐུང་སྟོད་ཐུང་ཐེབས་ཆག་རེ་ལས་གྱོན་རྒྱུ་མེད་དམིགས་བསལ་མིན་འགྲོ་དེ་དུས་ཕུ་ཐུང་མར་ཕུད་ནས་ང་ཚོས་གསོ་སྦྱོང་ཚོགས་པ་ཡིན།

དེ་རྗེས་རྒྱ་གར་གཞུང་ལ་རིམ་པས་ཞུས་རྗེས་དགེ་འདུན་པ་ ༡༥༠༠ ཙམ་ཞིག་སྦར་སར་སྔོན་མ་དབྱིན་ཇིའི་སྐབས་བཙོན་ཁང་ཡིན་པ་ཞིག་ནང་དགེ་འདུན་པ་ཚོ་བཞུགས་རྒྱུའི་གྲ་སྒྲིག་བྱུང་ཡོད་ཀྱང་འཚོ་བ་དང་ས་ཆུ་མི་འཕྲོད་པ་ལས་གློ་ནད་ན་མཁན་ཇེ་མང་བྱུང་སྟེ་རིམ་པས་གཞིས་ཆགས་ཁག་ཏུ་གདན་ས་ཁག་ཚུགས་སྐོར་དྲན་གསོ་གནང་།

ཡང་མགོན་པོ་གང་ཉིད་ཀྱིས་རྟེན་འབྱུང་གི་ལྟ་བ་ཟེར་བའི་ལྟ་གྲུབ་དེ་བཤད་ས་ནང་པའི་གཞུང་ནས་བཤད་ཡོད་ཅིང་། དེས་འཛམ་གླིང་ཁོར་ཡུག་དང་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་སྤྱིའི་ཁེ་ཕན་གང་དང་གང་ལ་ཡིན་ཡང་ལྟ་གྲུབ་དེ་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་སོགས་གསུངས་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་འཚོལ་བསྡུ་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།