གཉན་ནད་རེག་དུག་གི་རྐྱེན་པས་བོད་མི་༦༠ཙམ་འདས་གྲོངས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༡ཉིན། དེ་རིང་སྔ་དྲ་ཆུ་ཚོད་༩།༣༠ཐོག་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་དུ། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས། འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་༼གཉན་ནད་རེག་དུག་རྩ་མེད་བཟོ་རྒྱུའི་ཕྱོགས་སུ་བསྐྱོད་དོ་༽ཅེས་པའི་གློག་བརྙན་ཞིག་དབུ་འབྱེད་འགྲེམས་སྤེལ་གནང་སོང་།

ཐོག་མར་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ནས། འཕྲོད་བསྟེན་བཀའ་བློན་གྱི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་༢༠༡༡ལོའི་སྙན་ཐོར་ད་ལྟའི་ཆར་མི་གྲངས་ས་ཡ་༣༤ཙམ་ལ་HIVནད་འབུ་ཡོད་བཞིན་པ་དང་། ནད་གཞི་འདི་ཕོག་པའི་ནད་པ་གསར་པ་མི་གྲངས་ས་ཡ་༢་༢ཡོད་ལུགས་འཁོད་ཡོད། ལོ་འདིའི་ནང་མི་གྲངས་ས་ཡ་༡་༧ཙམ་རྐྱེན་འདས་སུ་གྱུར་ཡོད། གཉན་ནད་རེག་དུག་ནད་གཞི་ཕོག་པའི་མི་འབོར་ཕལ་མོ་ཆེ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་རུང་། ནད་གཞི་འདིས་སའི་གོ་ལ་འདིའི་ནང་གནས་བཞིན་པའི་ཕོ་མོ་རྒན་གཞོན་དབྱེར་མེད་ལ་ཉེན་ཚབས་ཆེ་བའི་ངོ་བོར་གྱུར་ཡོད།

རང་རིགས་རྣམས་ས་གནས་གང་སར་ཁ་ཐོར་དུ་གནས་ཡོད་པ་དང་། འཚོ་བའི་འདུ་འགོད་ཆེད་དབྱར་དགུན་མེད་པར་གྲོང་དང་གྲོང་བརྡལ་གང་སར་འགྲུལ་བཞུད་བྱེད་བཞིན་པར་སོང་། རང་རེའི་སྤྱི་ཚོགས་ནང་ནད་གཞི་འདི་མངོན་མེད་དུ་སླེབས་གཞི་ཉེན་ཁ་ཡོད་པར་མངོན་བཞིན་ཡོད། ནད་གཞི་འདི་ཡོད་པ་མངོན་རྟགས་བྱུང་མ་ཐག་འཕྲོད་བསྟེན་སྨན་ཁང་བརྒྱུད་རྒྱ་གར་གཞུང་གི་གཉན་ནད་རེག་དུག་ལྟེ་གནས་ཁག་ནས་བརྟག་དཔྱད་དང་། སྨན་དུས་ཐོག་ཞུས་ཚེ་ནད་གཞི་ཇེ་སྡུག་ཏུ་མི་འགྲོ་བ་ཙམ་དུ་མ་ཟད། ལུས་སྟོབས་ཉམས་རྒུད་མ་སོང་བ་ཇི་སྲིད་བར་འཚོ་གནས་ཐུབ་ཀྱི་ཡོད། ལྷག་པར་སྤྱི་ཚོགས་ནས་གཉན་ནད་རེག་དུག་ནད་པར་མཐོང་ཆུང་དང་ཁྱད་གསོད་དབང་དུ་མ་སོང་བར་བྱམས་བརྩེ་ཐོག་ནས་ལྟ་སྐྱོང་ངོས་ལེན་གནང་དགོས་ཞེས་གསུངས་འདུག

ཡང་འཕྲོད་བསྟེན་བཀའ་བློན་གྱི་གསུང་འཕྲིན་དེའི་ནང་། དེ་རིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་ཞུ་ཆེད་འདི་གའི་ལམ་སྟོན་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཆེ་ཁག་ནང་འཛམ་གླིང་ཨེཌས་ཉིན་མོའི་བརྗོད་གཞི་དང་འབྲེལ་བའི་རྩོམ་བྲིས་དང་རི་མོ་འགྲན་བསྡུར་གོ་སྒྲིག་ཞུ་བཞིན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གཉན་ནད་རེག་དུག་ནད་གཞི་དང་འབྲེལ་བའི་གཟུགས་མཐོང་བརྙན་འཕྲིན་ཞིག་གསར་བསྐྲུན་ཟིན་པར་དེ་རིང་དབྱེ་འབྱེད་གནང་གིན་ཡོད་པས་ཚང་མས་ཐུགས་སྣང་དམ་ཟབ་ཡོང་བ་ཞུ་རྒྱུ་དང་། འཕྲོད་བསྟེན་ལས་ཁུངས་ནས་འདི་ལོ་ཕྱི་ཟླ་བཅུ་གཉིས་ཧྲིལ་པོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཉན་ནད་རེག་དུག་ནད་གཞི་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་འཆར་ལགས་ན་ཚང་མས་ལས་དོན་འདིའི་ཐོག་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

དེ་རྗེས་འཕྲོད་བསྟེན་ལས་ཁུངས་ནས་བཟོ་བསྐྲུན་གནང་བའི་༼གཉན་ནད་རེག་དུག་རྩ་མེད་བཟོ་རྒྱུའི་ཕྱོགས་སུ་སྐྱོད་དོ་༽ཞེས་པའི་གློག་བརྙན་དེ་གཟིགས་འབུལ་ཞུས་རྗེས། འཕྲོད་བསྟེན་དྲུང་ཆེ་མཆོག་ནས་གསར་འགོད་པའི་གཉན་ནད་རེག་དུག་སྐོར་དྲི་བ་དྲིས་ལན་བཅས་གནང་བའི་ནང་། འཕྲོད་བསྟེན་ལས་ཁུངས་ནས་གློག་བརྙན་འདི་དྲ་རྒྱ་ཐོག་འཇོག་རྒྱུ་མ་ཟད། ས་གནས་གཞི་འགོ་སོགས་བརྒྱུད། བཙན་བྱོལ་བོད་མིའི་གནས་སྡོད་གཞིས་ཆགས་དང་། སློབ་གྲྭ་ཁག་ཚང་མར་འགྲེམས་སྤེལ་ཐུབ་ཐབས་བྱ་རྒྱུ་ཡིན། ཕྱི་ལོ་༢༠༡༠ལོར་བོད་མིའི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཉམས་ཞིབ་བྱས་པར་བརྒྱུད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱོན་བོད་མི་༡༣༠ཙམ་ལ་གཉན་ནད་རེག་དུག་གི་ནད་གཞི་འགོས་ཡོད་ཅིང་། དེའི་ནང་བོད་མི་༦༠ཙམ་འདས་གྲོངས་སུ་ཕྱིན་ཡོད་ལུགས་བཅས་འགྲེལ་བརྗོད་གནང་སོང་།

གཉན་ནད་རེག་དུག་གི་ནད་གཞི་ཁྱབ་བརྡལ་འགྲོ་སྟངས་ནི། ཉེན་སྲུང་མེད་པའི་འཁྲིག་སྤྱོད་དམ་ལུས་འབྲེལ། ཕན་ཚུན་ཟུང་ཁྲག་སྤྲོད་རེས། སྨན་ཁབ་མཉམ་སྤྱོད། གཟུགས་པོར་གཙག་ཁབ་འདྲ་མིན་མཉམ་སྤྱོད་བྱེད་རེས། ནད་གཞི་འགོས་ཟིན་པའི་ཨ་མ་ནས་མངའ་ཆགས་ཕྲུ་གུར་བཅས་འགོས་ཀྱི་ཡོད་འདུག

འོན་ཀྱང་། ཕན་ཚུན་འཐམ་པ་དང་། འོ་བསྐྱལ་བ། ཕན་ཚུན་སྐད་ཆ་ཤོད་པ། ལག་པ་གཏོང་བ། མཉམ་དུ་ལས་བྱེད་པ། ཅ་དངོས་གཅིག་ལ་འཆང་བ། གྱོན་ཆས་མཉམ་དུ་སྤྱོད་པ། རྩེད་མོ་མཉམ་དུ་རྩེད་པ། ཟས་མཉམ་དུ་ཟ་བ། དུག་སྦྲང་གི་སོ་བརྒྱབ་པ། གསང་སྤྱོད་མཉམ་དུ་སྤྱོད་པ། ཆུང་རྫིང་ནང་མཉམ་དུ་ཁྲུས་རྒྱབ་པ། གཉན་ནད་རེག་དུག་གི་ནད་པར་ཐུག་འཕྲད་བྱེད་པ། ཞབས་བྲོ་མཉམ་དུ་རྒྱག་པ། གློག་རྒྱག་པ་སོགས་ལས་འགོས་མི་སྲིད།

འཛམ་གླིང་ནང་ཉིན་རེར་མི་གྲས་༧༠༠༠ལྷག་ཙམ་ནད་གཞི་དེའི་རྐྱེན་གྱིས་འཆི་བཞིན་ཡོད་ འདུག་པ་དང་། འཛམ་གླིང་ནང་སྐར་ཆ་༡༣ནང་ལོ་༡༥ནས་༢༥བར་གྱི་ན་གཞོན་ལ་ནད་གཞི་དེ་གསར་པ་བགོས་ཀྱི་ཡོད་འདུག ད་ཆ་འཛམ་གླིང་ནང་ཕྲུ་གུ་ས་ཡ་༡ལྷག་ཙམ་ལ་ནད་གཞི་དེ་བགོས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།