བོད་མིའི་ཤེས་ཡོན་ཡར་རྒྱས་ཆེད་ཨ་སྒོར་ས་ཡ་༢རག་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༣ཉིན། རྒྱ་གར་དང་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཚོའི་ཤེས་ཡོན་སྤུས་ཚད་གོང་མཐོར་སྤེལ་རྒྱུའི་ཆེད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བརྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་བརྒྱུད། ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་གིས་ཨ་སྒོར་ས་ཡ་༢གནང་འདུག

དེ་རིང་གངས་སྐྱིད་བཀའ་ཤག་གི་ཚོགས་ཁང་དུ་ཨ་རིར་བརྟེན་གཞི་བྱས་པའི་བོད་ཀྱི་ཐེགས་རྩ་ཁང་གི་ཚོགས་གཙོ་སྐུ་ངོ་རིན་ཆེན་དར་ལོ་ལགས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་ཚེ་རིང་ལགས་གཉིས་ནས། ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་USAID གིས་འགྲོ་གྲོན་མཐུན་འགྱུར་སྦྱར་བའི་ལོ་གཉིས་ཀྱི་བོད་མིའི་ཤེས་ཡོན་ལས་འཆར་དེ་དབུ་འཛུགས་བྱ་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་སོང་།

ཤེས་ཡོན་གྱི་ལས་འཆར་འདི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རོགས་རམ་འདིས་བོད་མིའི་ཤེས་ཡོན་ལམ་ལུགས་སྤྱི་ཡོངས་ནས་ཤུགས་སྣོན་དང་། ངོས་ཀྱི་འཛིན་སྐྱོང་གི་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་འགའ་ཤས་ལག་བསྟར་ཆེད་དགོས་གལ་ཆེ་བའི་འགྲོ་གྲོན་གྱི་མཐུན་རྐྱེན་ཡོང་ངེས་ལ་བརྟེན། ཨ་རིའི་གཞུང་གི་ USAID ལས་ཁུངས་ཀྱིས་ལས་འཆར་འདི་ངོས་བཞེས་གནང་རྒྱུར་དམིགས་བསལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་འདུག་པ་དང་། བོད་མིའི་ཤེས་ཡོན་གྱི་གནད་དོན་གལ་ཆེར་བཟུང་བ་རྣམས་ལག་ལེན་དོན་ཁྱོལ་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་བོད་མིའི་ཤེས་ཡོན་ལས་འཆར་འདི་ལག་བསྟར་བྱ་རྒྱུ་ཡིན་འདུག

དེ་རིང་གསར་འགོད་གསལ་བསྒྲགས་སྐབས། བོད་མིའི་ཤེས་ཡོན་གྱི་ལས་འཆར་འདིས་བོད་མིའི་ཤེས་ཡོན་ལམ་ལུགས་སྲ་བརྟན་དང་། གསར་གཏོད། དཔེ་སྟོན་གྱི་ལམ་ནས་བོད་མི་གཞོན་སྐྱེས་ཚོར་དེང་དུས་ཆེད་ལས་སློབ་སྦྱོང་མཐར་ཕྱིན་པ་དང་། བློ་རྒྱ་ཆེན་ལ་ནུས་པ་ལྡན་པའི་མགོ་ཁྲིད། གོ་ལ་གཅིག་རྒྱུན་གྱི་དཔལ་འབྱོར་ནང་འཚོ་ཐབས་ཡར་རྒྱས་ཡོང་བ་དང་ཆབ་གཅིག་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་དང་རིག་གཞུང་རྒྱུན་སྐྱོང་ཐུབ་པར་རམ་འདེམས་བྱས་པ་བརྒྱུད། རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་སྲ་བརྟན་གྱི་ནུས་པ་བསྐྱར་གསོ་ཐུབ་ཐབས་ལ་འབད་རྒྱུ་ཡིན་ཞེས་གསུངས་སོང་།

ལས་འཆར་འདིའི་ནང་། དགེ་རྒན་གྱི་ཤེས་ཚད་གོང་འཕེལ་དང་སྦྱོར་བརྡར། སློབ་ཡོན་འཆར་གཞི་རྒྱ་སྐྱེད། མདུན་ལམ་སློབ་སྟོན་ཡར་རྒྱས། ཚན་རིག་དང་འཕྲུལ་ལས། འཛུགས་སྐྲུན་སྣེ་ཁྲིད། ཨང་རྩིས་བཅས་ཀྱི་ཤེས་ཡོན་ལ་གལ་ཆེར་བརྩི་རྒྱུ། འབྲིང་རིམ་སློབ་ཕྲུག་ཚོར་ཡིག་རྒྱུས་གྲ་སྒྲིག་ཆེད་ཟུར་སྦྱོང་སྤྱོད་རྒྱུ། ཤེས་ཡོན་སློབ་གསོའི་འཛིན་སྐྱོང་བཀོད་བྱུས་ཡར་རྒྱས་བཅས་གཏོང་འཆར་ཡོད་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གར་ནང་ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་གི་ངེས་སྟོན་པ་སྐུ་ཞབས་William Hammick རྣམ་གཉིས་ཟུང་འབྲེལ་གྱིས་དེ་རིང་སྔ་དྲོ་ལས་འཆར་དབུ་འབྱེད་སྐབས USAID གྱི་གྲོས་མཐུན་དཔོན་རིགས་སྐུ་ཚབ་སྐུ་ཞབས་ Sang Lee དང་། བོད་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་རིན་ཆེན་དར་ལོ་ལགས། ཚོགས་གཙོ་གཞོན་པ་སྐུ་ཞབས་ Bob Ankerson ལགས། ཤེས་རིག་ལས་ཁུངས་ཐེ་བའི་དབུས་ལས་ཁུངས་ཁག་གི་མཛད་གཙོ་རྣམས་ངོ་ཕེབས་གནང་ཡོད་འདུག ལོ་༢རིང་གི་ཤེས་ཡོན་ལས་འཆར་འདིའི་ཆེད་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་དྷ་ས་གངས་སྐྱིད་དུ་འབྲེལ་མཐུད་ལས་ཁུངས་ཤིག་ཀྱང་གསར་འཛུགས་གནང་རྒྱུ་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།