གསོག་སྒར་ནང་མ་ཎི་འཁོར་ལོ་ཞིག་དབུ་འབྱེད་གནང་སོང་།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༦ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༩པའི་ཐོག་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་༼གསོག་སྒར་༽ནང་མ་ཎི་འཁོར་ལོ་ཞིག་ལེགས་གྲུབ་བྱུང་བར་དབུ་འབྱེད་དང༌། དེ་གའི་དགེ་སློབ་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྐྱངས་སོང༌།

དེ་ཡང་ཤེས་རབས་དགའ་ཚལ་སློབ་གླིང་གི་སྤྱི་ཁྱབ་རྒན་བདག་ཕུར་བུ་ཉི་མ་ལགས་ཀྱིས་གཙོས་པའི་སློབ་མ་རྣམས་ཀྱིས། མ་སྐུལ་དང་བླངས་ཀྱི་འགན་འཁུར་ཐོག ཤེས་རབས་དགའ་ཚལ་སློབ་གླིང་ནང་མ་ཎི་འཁོར་ལོ་ཆེན་པོ་ཞིག་བཞེངས་སྐྲུན་ལེགས་གྲུབ་བྱུང་བར། དེ་རིང་དབུ་འབྱེད་མཛད་སྒོ་ཐོག་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཆེད་དུ་གདན་འདྲེན་ཞུས་འདུག་པར་གང་ཉིད་ཀྱིས་དབུ་འབྱེད་རབ་གནས་བཅས་གནང་སོང༌།

དབུ་འབྱེད་མཛད་སྒོ་ཐོག་བོད་གཞུང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཆེད་ཕེབས་གནང་འདུག་པ་དང༌། ཁོང་གི་ཤེས་རབ་དགའ་ཚལ་སློབ་གླིང་དེ་ཉིད་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན།

སྤྱིར་སློབ་གྲྭ་འདི་སམ་བྷོ་ཊར་རྩིས་སྤྲོད་གནང་ནས་ལོ་གཅིག་དང་ཟླ་བ་འགའ་ཤས་ལས་འགྲོ་བཞིན་ཡོད་པ་མ་རེད། འོན་ཀྱང་ང་ཚོ་སློབ་གྲྭ་འདིའི་བྱུང་རིམ་ལ་བལྟས་པ་ཡིན་ན། སློབ་གྲྭ་འདི་༡༩༩༩ལོར་དབུ་འཛུགས་གནང་ནས་འཛིན་སྐྱོང་གནང་མཁན་འགའ་ཤས་ཆགས་བསྡད་ཡོད་པ་རེད། ཐོག་མར་བཀའ་ཤག་གི་ངོས་ནས་འཛིན་སྐྱོང་གནང་བ་དང༌། དེ་ནས་བདེ་སྲུང་ལས་ཁུངས། སྣེ་ལེན་ཁང༌། དེ་ནས་ཤེས་རིག་ལས་ཁུངས་བཅས་ནས་འཛིན་སྐྱོང་གནང་ནས། མཐའ་མར་ན་ནིང་སྤྱི་ཟླ་༡ཚེས་༤ལ་སམ་བྷ་ཊའི་སྤྱི་ཁྱབ་ཡིག་ཚང་ལ་རྩིས་སྤྲོད་གནང་བ་ཞིག་རེད།

ད་ལྟའི་ཆར་སློབ་གྲྭ་འདིའི་ནང་སློབ་མ་༤༦༢དང༌། དགེ་ལས་གྲངས་༦༠ཙམ་ཡོད་པ་རེད། རྩ་བའི་སློབ་གྲྭ་འདིའི་ངོ་བོ་དང༌། མཚན་ཉིད། དགོས་དམིགས་བཅས་སློབ་གྲྭ་སྤྱི་ཡོངས་དང་མི་འདྲ་བ་ཁྱད་པ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་དེ་གཞི་རིམ་སློབ་གྲྭ་ཁག་འཛིན་སྐྱོང་བྱེད་མཁན་ཞིག་ཡིན་དུས་དམིགས་བསལ་སློབ་གྲྭ་འདི་འདྲར་འཛིན་སྐྱོང་བྱེད་དུས་གཏན་གཏན་དེའི་ཐོག་ལ་བསམ་བློ་དམིགས་བསལ་གཏོང་དགོས་པ་རབས་དང་རིམ་པ་བྱུང་བ་གསལ་པོ་ཡིན་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།

དེ་རྗེས་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་སློབ་དང་གསུང་བཤད་གནང་དོན། དེ་རིང་ཤེས་རབ་དགའ་ཚལ་སློབ་གླིང་འདིར་ཡང་བསྐྱར་བཅར་ཐུབ་པ་དང༌། སློབ་ཕྲུག་རྣམ་པ་ཚོ་ཡང་བསྐྱར་མཇལ་ཐུབ་པ་དེ་ཧ་ཅང་དགའ་པོ་བྱུང་ཞུ་རྒྱུ་ཡིན། དེ་རིང་འདིར་ཡོང་བའི་དགོས་པ་དང་རྒྱུ་མཚན་གཙོ་བོ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་སྐྱེས་ཕོ་མོ་དེ་ཚོའི་ཆེད་དུ་མ་ཎི་དུང་འཁོར་འདི་འདྲ་ཞིག་བཞེངས་ཡོད་པ་རེད། དེ་ཁྱེད་རང་ཚོ་སློབ་ཕྲུག་ཚོའི་ངོས་ནས་མ་སྐུལ་དང་བླངས་ཐོག་ནས་མི་རྒྱུ་གཉིས་ཀའི་འགྲོ་སོང་བཏང་ནས་བཞེངས་ཡོད་པ་དེ་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱེད་མཁན་ཚོར་ལྷག་བསམ་དང་གུས་ཞབས་མཚོན་གྱི་ཡོད་པ་རེད། དེར་བརྟེན་ཕྱག་ལས་གནང་མཁན་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེང་སང་ངས་སྐད་ཆ་དེ་འདྲ་བཤད་མི་ཤེས་པ་ཆགས་འདུག དམིགས་བསལ་ང་རང་གིས་ཞུ་ཤེས་ཀྱི་མི་འདུག་ལ། ཞུ་དགོས་ཡ་མི་འདུག སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གྱིས་རྒན་ཀརྨ་ཆུང་བདག་ལགས་ཀྱིས་ཉམས་མྱོང་དང་སྦྲགས་ཟབ་ཅིང་རྒྱས་པ་གསུངས་སོང༌། བཀའ་སློབ་ཟེར་བ་དེ་ཁྱེད་རང་ཚོར་མང་མ་དྲག་ནའང་ཉུང་དྲག་ཡོད་པ་མ་རེད་བསམས་ཀྱི་འདུག

སྤྱིར་སྟངས་སྐད་ཆ་བཤད་མཁན་ཞིག་གི་ངོས་ནས་མར་བཤད་རྒྱུ་ལས་སླ་མོ་ཞིག་རེད། འོན་ཀྱང་དངོས་སུ་ལག་ལེན་བསྟར་དུས་ང་རང་ཚོ་ཚང་མར་དཀའ་ངལ་ཡོད་པ་རེད། སྐད་ཆ་བཤད་མཁན་ཚོ་ལའང་ལག་ལེན་བསྟར་དུས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་ངས་ནམ་རྒྱུན་ག་རེ་དྲན་གྱི་ཡོད་ཟེར་ན། སྐད་ཆ་བཤད་དུས་ལས་སླ་མོ་འདུག་ཀྱང༌། སོ་སོས་ལག་ལེན་ཡག་པོ་ཞིག་བསྟར་མ་ཐུབ་ན་མི་ལ་འདི་བྱོས་འདི་མ་བྱེད་ཟེར་བ་དེ་ཏོག་ཙམ་ཧམ་པ་ཚ་དྲག་གི་ཡོད་ས་རེད་བསམས་ཀྱི་འདུག

སྔོན་མར་ངོས་སློབ་གྲྭ་འདིར་ཐེངས་༢ཙམ་སླེབས་པ་རེད། ཐོག་མར་སླེབས་དུས་ཁང་པ་དེ་ཚོ་འདི་འདྲའི་སྤུས་ཀ་དག་པོ་དེ་ཙམ་ཡོད་པ་མ་རེད། མ་གཞི་གསལ་པོ་དྲན་གྱི་མི་འདུག་ཀྱང༌། སྐྱོ་པོ་འདྲ་ཞིག་ཡོད་བསམས་ཀྱི་འདུག དེ་རྗེས་ཁང་པ་དེ་ཚོ་གསར་བཞེངས་གནང་ནས། ད་ལྟའི་ཆར་ཕྱིའི་མཐུན་རྐྱེན་དེ་ཚོ་གང་ལ་གང་འཚམ་གྱི་ཡག་ཏུ་ཕྱིན་ཡོད་པ་རེད། སྔོན་མ་ཡིན་ན་སློབ་གྲྭ་འདིར་སློབ་མ་༧༠༠ལྷག་ཙམ་ཡོད་པ་འདྲ། དེང་སང་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ནས་ད་ལྟའི་ཆར་སློབ་མ་༤༠༠ཙམ་ལས་མེད་པ་འདྲ། གང་ལྟར་གྲངས་མང་ཉུང་གི་ཁྱད་པ་མི་འདུག མ་གཞི་རྒྱ་གར་ལ་ཡོང་མཁན་དེ་ཚོའི་དམིགས་ཡུལ་མི་འདྲ་བ་མང་པོ་ཡོད་ས་རེད། འགའ་ཤས་ཕྱི་རྒྱལ་ལ་འགྲོ་རྒྱུའི་དམིགས་ཡུལ་བཟུང་ནས་རྒྱ་གར་ལ་ཡོང་མཁན་དེ་འདྲ་ཡོད་ས་རེད། གང་ལྟར་ཡང་རྒྱ་གར་ལ་སླེབས་ནས་རང་དབང་ལུང་པའི་ནང་མི་མང་པོ་ཞིག་གི་སེམས་ནང་རེ་བ་ག་རེ་ཡོད་པ་རེད་ཟེར་ན། སློབ་སྦྱོང་བྱེད་ཡ་དང་བོད་ཡིག་བོད་སྐད་སྦྱོང་རྒྱུ་དེ་འདྲའི་རེ་བ་ཆེན་པོ་བཅངས་ནས་ཡོང་གི་ཡོད་པ་རེད།

དེ་བཞིན་བཞུགས་སྒར་དྷ་རམ་ས་ལར་༧རྒྱལ་བ་རིན་པོ་ཆེ་བཞུགས་ཡོད་དུས་གང་ཉིད་ཀྱི་དྲུང་ནས་བཀའ་སློབ་ལམ་སྟོན་ཞུ་རྒྱུའི་སྐལ་བ་བཟང་པོ་ཡོད་དུས་མི་མང་པོ་ཞིག་དཀའ་ངལ་་ལ་མི་འཛེམས་པ་འཚང་ཁ་ཤིག་ཤིག་བྱེད་ནས་ཡོང་གིན་ཡོད་པ་རེད།

ད་ལྟའི་དུས་ཚོད་ལ་ང་ཚོ་བོད་མི་སྒེར་པ་ཞིག་གི་མི་ཚེ་ཡིན་ནའང་འཕྲོ་བརླག་མི་འགྲོ་བར་དོན་སྙིང་ལྡན་པ་ཞིག་སྐྱེལ་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད་བསམས་ཀྱི་འདུག གང་ཡིན་ཟེར་ན། ཕྱོགས་གཅིག་ནི་ང་ཚོ་བོད་མི་དེ་གྲངས་ཉུང་མི་རིགས་ཤིག་ཆགས་བསྡད་ཡོད་པ་རེད། དེའི་ཐོག་ལ་ང་ཚོ་ལོ་རྒྱུས་ཐོག་འཕྲད་མ་མྱོང་བའི་དཀའ་ངལ་ཞིག་འཕྲད་བསྡད་ཡོད་པ་རེད། དེ་འདྲའི་དུ་ཚོད་དེ་ང་རང་ཚོས་བསམ་བློ་ཐེ་ཆགས་ཤིག་གཏོང་ནས་སོ་སོའི་ལྟོ་གོས་འགྲིག་པ་ཙམ་ཞིག་ལ་བསམ་བློ་མི་གཏོང་བར། བསམ་བློ་རྒྱ་ཆེ་ཙམ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། སོ་སོ་སྒེར་ཞིག་གི་མི་ཚེ་དེ་བོད་མི་རིགས་ཤིག་གི་ལོ་རྒྱུས་ལ་འགྱུར་བ་གཏོང་ཐུབ་ཡ་ཞིག་དང༌། ཁྱད་པ་བཟོ་ཐུབ་ཡ་ཞིག དེ་བཞིན་བོད་མི་རིགས་ཀྱི་རིག་གཞུང་དང་ཆོས་རིག་སྲུང་སྐྱོབ་ལ་ཁྱད་པ་བཟོ་ཐུབ་མཁན་ཞིག་ལ་བསམ་བློ་གཏོང་དགོས་པ་རེད།

༢༠༠༨ནས་བཟུང་སྟེ་བོད་ལ་ངོ་རྒོལ་སྐད་འབོད་དེ་རྒྱུན་མི་ཆད་པ་འགྲོ་བཞིན་ཡོད་པ་རེད། མི་མང་པོ་ཞིག་གི་རང་གི་གཅེས་པའི་ལུས་སྲོག་ཚུན་ཆད་གཏོང་བཞིན་པའི་གནས་ཚུལ་ཛ་དྲག་པོ་མང་པོ་ཐོན་བཞིན་ཡོད་པ་རེད། དེ་འདྲའི་གནས་ཚུལ་ཞིག་ཐོན་བཞིན་པའི་སྐབས་སུ་གཏན་གཏན་ང་རང་ཚོའི་སེམས་ནང་ལ་ན་ཟུག་ཆེན་པོ་ཞིག་དང༌། མི་བཟོད་པ་ཞིག ག་རེ་བྱེད་དགོས་ན་བསམས་པའི་ཚོར་བ་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད་བསམས་ཀྱི་འདུག

འོན་ཀྱང་ཕྲལ་གྱི་ངོ་རྒོལ་དང་ལས་འགུལ་སྤེལ་བ་ཙམ་མ་ཡིན་པ། མཐར་ཐུག་ཕུག་རྒྱང་རིང་པོ་ཐོག་ནས་ཕན་ཐོགས་ཡོད་པ་དེ་ག་རེ་རེད་འདུག ཡང་ཕུག་རྒྱང་རིང་པོར་ཕན་ཐོགས་ཡོད་པ་ཞིག་བྱེད་པར་སྐད་འབོད་བརྒྱབ་པ་ཙམ་དང༌། ལས་འགུལ་སྤེལ་བ་ཙམ་སྤེལ་ཙམ་གྱིས་ཕན་གྱི་ཡོད་པ་མ་རེད། གལ་ཆེ་ཤོས་དེ་ཤེས་ཡོན་སློབ་སྦྱོང་བྱེད་ཡ་དང༌། སོ་སོ་རང་ཉིད་མ་འོངས་པར་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་དོན་དུ་ཞབས་ཞུ་བསྒྲུབ་ཐུབ་མཁན་གྱི་མི་བཟང་པོ་ཞིག་ཆགས་ཐུབ་ཡ་ཆེད་དུ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་བསམས་ཀྱི་འདུག

ང་རང་ཚོ་ཚང་མས་བོད་ནས་ཚུང་ཡོང་དུས་དཀའ་ལས་མང་པོ་བརྒྱབ་པ་དང༌། སོ་སོའི་ཕ་མ་དང་སྤུན་མཆེད། དེ་བཞིན་ཡིད་དུ་འོངས་བའི་ཕ་ཡུལ་བཅས་བཞག་ནས་ཡོང་དུས་སེམས་ནང་སྡུག་བསྔལ་ཆེན་པོ་ཞིག་དང༌། སེམས་འཁུར་ཆེན་པོ་ཞིག་ཡོད་པ་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་ཕྱོགས་གཅིག་ནས་སེམས་འཁུར་དེ་ཚོ་ང་རང་ཚོའི་སྙིང་སྟོབས་ལ་བསྒྱུར་ནས། སོ་སོ་རང་ཉིད་གང་ལ་གང་འཚམ་གྱིས་མི་ཤེས་ཡོན་ཅན་ཞིག་དང༌། འཇོན་ཐང་ཅན་ཞིག་ཆགས་ཐུབ་པ་བྱེད་དགོས་པ་རེད་ཅེས་གསུངས་སོང་།

དེ་རྗེས་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ཕུར་བུ་ཉི་མ་ལགས་ཀྱིས། འདི་ལོ་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས་རང་རེའི་སློབ་མ་རྣམས་ཀྱིས་འགྲོ་གྲོན་སློབ་མོ་བརྒྱབ་པར་ཁྱོན་ཧིན་སྒོར་འབུམ་༡༣༧༢༢༨བྱུང་འདུག་པ་དེ་དག་སློབ་མའི་མོ་ཊ་གླ་ཆ་སོགས་གང་འདྲ་བཏང་ཡོད་མེད་འགྲེལ་བརྗོད་དང༌། ཡང་ཁོང་གིས་ཐེངས་འདིར་གསར་དུ་བཞེངས་པའི་མ་ཎི་འཁོར་ལོ་དེའི་ཆེད་འགྲོ་སོང་ག་ཚོད་ཕྱིན་ཡོད་མེད་དང་། དགོས་དམིགས་སོགས་ངོ་སྤྲོད་གནང་དོན། ང་ཚོས་མ་ཎི་འཁོར་ལོ་འདི་འདྲ་ཞིག་གསར་དུ་བཞེངས་དགོས་དོན་ནི་གཙོ་བོ་ང་ཚོའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། འཛམ་གླིང་ཞི་བདེ་ཡོང་བ། དེ་བཞིན་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་དུ་ཡིན་ཞེས་བརྗོད་ཀྱི་ཡོད།

མ་ཎི་འཁོར་ལོ་འདིའི་ནང་རྟེན་ཟུང་འཇུག་གཙོ་བོ་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་གནས་མཆོག་རྡོ་རྗེ་གདན་དུ་སྟོན་པའི་སྐུའི་ན་བཟའ་དང༌། བྱིན་རླབས། དེ་བཞིན་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ལྷ་སའི་ཇོ་བོའི་ན་བཟའ་དང༌། བོད་ནང་གི་སེར་འབྲས་དགའ་གསུམ་གྱི་བྱིན་རླབས་རྩ་ཆེན་ཁག གཞན་ཡང་འཁོར་ལོའི་ནང་མ་ཎི་དང༌། སྐྱབས་འགྲོ། བཻཛྲ་གུ་རུ། ཡིག་བརྒྱ། ཚེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ། འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་སོགས་ཡོད་པ་རེད།

མ་ཎི་འཁོར་ལོ་འདིར། དུས་དབང་སྐབས་སུ་འགྲོ་སོང་ལས་ཧིན་སྒོར་༡༡༣༨༧༦ལྷག་ཡོད་པ་རེད། གྲ་སྒྲིག་ཚོགས་ཆུང་གིས་ང་ཚོར་དམིགས་བསམ་གྱི་སློབ་མོ་བྱུང་བ་ཧིན་སྒོར་༡༥༦༢༠༠གནང་བྱུང༌། སྤྱི་ཡོངས་ཀྱི་ང་ཚོར་ཞལ་འདེབས་ཡོང་བ་དེ་ཧིན་སྒོར་༣༨༧༤༨སླེབས་འདུག དེའི་ནང་ནས་ང་ཚོའི་སློབ་མ་ཚོའི་ངོས་ནས་ཞལ་འདེབས་༣༠༠༠༠ཙམ་བྱུང་འདུག བསྡོམས་ནས་༣༣༨༨༢༠བྱུང་འདུག

ཕར་འགྲོ་གྲོན་དེ་འགར་བ་ལ་ཧིན་སྒོར་༧༥༠༠༠ རྒྱ་གར་ཁང་པ་བཟོ་མཁན་ལ་ཧིན་སྒོར་༥༠༡༣༠དང༌། ཤིང་བཟོ་ལ་ཧིན་སྒོར་༡༥༠༠༠། ཟུར་འཇུག་ལ་ཧིན་སྒོར་༦༧༡༨༧། ལྕགས་ལག་དང་ཨར་འདམ་སོགས་ལ་ཧིན་སྒོར་༧༠༦༩༧། རྡོ་དང་བྱེ་མ་སོགས་ལ་ཧིན་སྒོར་ ༢༩༥༠༠། འགྲིམ་འགྲུལ་ལ་ཧིན་སྒོར་ ༦༧༨༠ རྡོ་ཅལ་གཏིང་བ་དེར་ཧིན་སྒོར་༡༣༠༠༠། ཟུང་འཇུག་འཇོག་ས་སོགས་ལ་ཧིན་སྒོར་༤༧༥༠། ༧གོང་ས་མཆོག་མཇལ་ཁ་ཞུ་བར་འགྲོ་དུས་སྒོར་༣༧༠༠དང༌། འབུམ་དུམ་པ་བཅུ་གཉིས་ཉོས་ནས་ཕར་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (2)
རང་རེའི་སྤྱི་ཚོགས་ཀྱི་བོད་ཕྱི་ནང་གཉིས་སུ་སྔ་ཕྱི་ཀུན་ཏུ་ཆོས་མིན་སྲིད་མིན་གྱི་ལས་གཞི་ཉག་ཉོག་དེ་འདྲའི་རིགས་ཧ་ཅང་སྤེལ་དྲགས་ནས། དགོས་ངེས་ཅན་གྱི་སློབ་ཕྲུག་ཚོའི་དོན་དམ་པའི་ཤེས་ཡོན་ཡར་སྐུལ་དང་མི་གཞི་དང་ཀུན་སྤྱོད་ཀྱི་སྤུས་ཚད་གོང་འཕེལ་གཏོང་བར་འཐུས་ཤོར་གྱིས་ཡིད་སྐྱོ་བའི་ངང་ཤེས་རབ་དགའ་ཚལ་གླིང་ངམ་གསོག་སྒར་སློབ་གྲྭ་འབྱུང་འགྱུར་སྒོ་རྒྱག་རྒྱུར་དུས་ཚོད་མང་པོ་མེད་པའི་རྐྱེན་རྩ་གཙོ་བོ་ཞིག་རེད་སྙམ།
ངས་བལྟས་ན་གནད་དོན་འདིའི་རྐྱེན་རྩ་གཙོ་བོ་གཅིག་ནི་སྲིད་དབང་གཅིག་སྡུད་ཅན་གྱི་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་འོང་དམ་དྲག་དང་ཕྱི་བསྐྱོད་ལམ་ཡིག་བཀག་སྡོམ་སོགས་བྱས་དང་བྱེད་ཀྱིན་པ་སོགས་ཕུད། ཡུལ་གྱར་བོད་པ་ཚོར་རང་ཆས་སུ་ཡོད་པའི་གཤམ་གསལ་གྱི་ཡམས་ནད་འདི་དག་གིས་རྐྱེན་པས་ཀྱང་ཤེས་རབ་དགའ་ཚལ་སློབ་གླིང་འབྱུང་འགྱུར་སྒོ་རྒྱག་དགོས་འཁེལ་རྒྱུ་རེད།
༡ ད་སྐབས་ཀྱི་ཤེས་དགའི་སློབ་སྤྱི་རྒྱགས་པ་དེས་རང་དང་འབྲེལ་ཡོད་ཀྱི་་སློབ་ཕྲུག་ཚོར་མི་ཚེ་ཤེས་ཡོན་སློབ་གཉེར་ལ་སྐུལ་བའི་འཇོན་ཐང་དང་ནུས་པ་དམན་པ།
༢ སློབ་ཕྲུག་མང་པོ་ཞིག་གི་ཡ་ཆུང་སྙིང་ཁོང་དུ་དངུལ་སྒོར་ཁོ་ན་གཙོར་བཟུང་གིས་ཤེས་ཡོན་སྤྱི་དང་ལྷག་ཏུ་བོད་ཡིག་ལ་དོ་སྣང་རྩ་ཡལ་གྱིས་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་རྒྱ་མིའི་ཁྲོམ་དུ་ཕོར་བ་དང་གསང་སྤྱོད་འཁྲུ་གཡོག་རྒྱུག་རྒྱུར་གནས་སྐབས་སློབ་གྲྭ་དེར་དེབ་སེར་པོ་མ་རག་བར་སློབ་སྦྱོང་ལ་ཁ་གཡར་ནས་སྒུག་སྡོད་བྱེད་མཁན་མང་བས་སློབ་ཕྲུག་གཞན་ཚོར་ཤུགས་རྐྱེན་ངན་པ་ཐེབས་པ།
༣ ཤེས་རབ་དགའ་ཚལ་ལ་འཛུལ་ཞུགས་བྱས་པའི་ཁམས་ཕྱོགས་ཀྱི་སློབ་ཕྲུག་གི་བརྒྱ་ཆའི་་ཚད་ངེས་་ཅན་ཞིག་རྒྱ་ཡིག་ཉག་ཉོག་ཐེབ་ཆག་ཙམ་ཞིག་ལས། བོད་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་སོགས་ཧ་ལམ་ཅི་ཡང་ལྷག་བསྡད་མེད་པར་མ་ཟད། ཕ་ཡུལ་ནས་རྒྱ་དམར་གུང་བྲན་གྱི་སློབ་གསོའི་དུག་ཆུ་བཏུང་དྲགས་པས་རྒྱ་གར་ལ་འབྱོར་ནས་ཡུན་རིང་འགོར་ཡང་རྒྱ་དམར་ཇག་ཚོགས་ལ་སྙིང་ནས་དགའ་ཞེན་དང་། བོད་དང་རྒྱ་ནག་ཏུ་་སྤྱི་ཚོགས་ཀྱི་གད་སྙིགས་ལྟ་བུར་གྱུར་རྗེས། གར་འགྲོ་འདིར་འགྲོ་མེད་པར་འ་ཆད་འུ་ཐུག་གིས་ཨ་རིར་རྒྱ་མིའི་ལས་གཡོག་རྒྱུག་ཆེད་རྒྱ་གར་དུ་བསླེབས་ནས་གསོག་སྒར་སློབ་གྲྭར་རེ་ཞིག་གཟིག་ལྤགས་བཀབ་པའི་བོང་བུ་བཞིན་སློབ་སྦྱོང་ལ་ཁ་གཡར་ནས་འཛུལ་ཞུགས་བྱས་པས་རང་མི་རིགས་དང་རྒྱལ་ཁབ་སླར་གསོ་ལ་སྤྲོ་ཞིང་། རང་དབང་དམངས་གཙོ་ལ་དུང་མཁན་ཚོར་གསོག་སྒར་སློབ་གྲྭ་དེ་ལྟོ་ནང་ལ་བཟེད། ནང་དགྲ་ལ་སྟོན་མཁན་ཞིག་ལ་ཆ་འཇོག་གིས་ཧ་ཅང་དོགས་མི་བདེ་བ་ཞིག་ལ་གྱུར་བ།
༤ འབྲེལ་ཡོད་འགན་འཛིན་ཚན་པས་ནང་ཆོས་སློབ་ཁྲིད་བྱེད་མཁན་གྱི་ཕྱི་རྫིག་ནང་སྟོང་གི་ལྟ་གྲུབ་དགེ་རྒན་ཡིན་ཟེར་ནས་སྤྱི་ཚོགས་ཀྱི་ཟུར་དུ་ཕུད་པའི་མི་སྙིགས་རོ་དག་དེ་གར་བསྐོངས་ནས་ཆེས་སྤུས་ཀ་ཞན་པའི་དུས་ཚོད་འཕྲོ་བརླག་གི་སློབ་ཁྲིད་ཉག་ཉོག་ཡང་ཡང་བྱས་པས་སློབ་གཉེར་ལ་འདུན་པ་ཅུང་ཟབ་པའི་སློབ་ཕྲུག་ཚོས་ཀྱང་སློབ་སྦྱོང་ལ་ལྷོད་གཡེང་དང་འཐུས་ཤོར་ལ་ཕྱིན་པ།
༥ སློབ་ཕྲུག་མང་ཆེ་བ་ཡུལ་གྱར་དུ་སླེབ་པའི་གསར་འབྱོར་བ་རྐྱང་རྐྱང་ཡིན་ཙང་། བོད་དུ་བཞུགས་པའི་ཕ་མ་དང་ནང་མིར་དྲན་པའི་གདུང་བ་ལྕི་མོད། ཕྱོགས་གཅིག་ནས་སྡུག་བསྔལ་དེ་ཕྱི་ལོགས་ལ་བཏོན་སའི་ཡུལ་མེད་ཐོག ཕྱོགས་གཞན་ཞིག་ནས་འབྲེལ་ཡོད་ཀྱི་ལས་ཁུངས་དང་གཞུང་གིས་དེའི་ཕྱོགས་ལ་དེ་སྔ་དོ་སྣང་བྱེད་མ་མྱངས་ཤིང་ད་ལྟར་ཡང་བྱེད་བཞིན་མེད་པ།
༦ འཕེལ་རྒྱས་དལ་བའི་རྒྱ་གར་སྤྱི་ཚོགས་ཀྱི་འགོས་ནད་ཐེབས་ནས་འབྲེལ་ཡོད་ཀྱི་དགེ་ལས་ཚོའི་སློབ་ཁྲིད་ལ་གཟབ་ནན་རང་བཞིན་དང་དུས་ཚོད་དམ་འཛིན་གྱི་འདུ་ཤེས། ཆབ་སྲིད་ལངས་ཕྱོགས་སོགས་དམན་པ།
ད་རུང་གནད་དོན་ཤིན་ཏུ་མང་མོད་རེ་ཞིག་དེ་ཙམ་ལས་ཡིག་ཚོགས་མང་བར་འཇིགས་ནས་མ་བྲིས།
1 ༢༤༢༠༡༨༠༩༢༦
བསྟན་འཛིན་རབ་དགའ།
རང་རེའི་སྤྱི་ཚོགས་ཀྱི་བོད་ཕྱི་ནང་གཉིས་སུ་སྔ་ཕྱི་ཀུན་ཏུ་ཆོས་མིན་སྲིད་མིན་གྱི་ལས་གཞི་ཉག་ཉོག་དེ་འདྲའི་རིགས་ཧ་ཅང་སྤེལ་དྲགས་ནས། དགོས་ངེས་ཅན་གྱི་སློབ་ཕྲུག་ཚོའི་དོན་དམ་པའི་ཤེས་ཡོན་ཡར་སྐུལ་དང་མི་གཞི་དང་ཀུན་སྤྱོད་སོགས་ཀྱི་སྤུས་ཚད་གོང་འཕེལ་གཏོང་བར་འཐུས་ཤོར་ཚབས་ཆེན་ཕྱིན་པས། ཡིད་སྐྱོ་བའི་ངང་མི་འགྱངས་བར་ཤེས་རབ་དགའ་ཚལ་སློབ་གླིང་ངམ་གསོག་སྒར་སློབ་གྲྭ་ཞུ་བ་དེ་སྒོ་རྒྱག་རྒྱུར་དུས་ཚོད་མང་པོ་མེད་པའི་རྐྱེན་རྩ་གཙོ་བོ་ཞིག་རེད་སྙམ།
ངས་བལྟས་ན་གནད་དོན་འདིའི་རྐྱེན་རྩ་གཙོ་བོ་གཅིག་ནི་སྲིད་དབང་གཅིག་སྡུད་ཅན་གྱི་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་འོང་དམ་དྲག་དང་ཕྱི་བསྐྱོད་ལམ་ཡིག་བཀག་སྡོམ་སོགས་བྱས་དང་བྱེད་ཀྱིན་པ་སོགས་ཕུད། བོད་རང་ལ་རང་ཆས་སུ་འཛོམས་པའི་ཡམས་ནད་འདི་དག་གིས་རྐྱེན་པས་མི་འགྱངས་བར་ཤེས་རབ་དགའ་ཚལ་སློབ་གླིང་སྒོ་རྒྱག་དགོས་འཁེལ་རྒྱུ་རེད།
༡ ད་སྐབས་ཀྱི་ཤེས་དགའི་སློབ་སྤྱི་དེས་རང་དང་འབྲེལ་ཡོད་ཀྱི་་སློབ་ཕྲུག་ཚོར་མི་ཚེ་ཤེས་ཡོན་སློབ་གཉེར་ལ་སྐུལ་བའི་སློབ་སྟོན་གྱི་འཇོན་ཐང་དང་ནུས་པ་དམན་པ།
༢ སློབ་ཕྲུག་མང་པོ་ཞིག་གི་ཡ་ཆུང་སྙིང་ཁོང་དུ་དངུལ་སྒོར་ཁོ་ན་གཙོ་བཟུང་གིས་ཤེས་ཡོན་སྤྱི་དང་ལྷག་ཏུ་བོད་ཡིག་ལ་སློབ་སྦྱོང་གི་དོ་སྣང་ཧ་ལམ་རྩ་ཡལ་གྱིས་་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་རྒྱ་མིའི་ཁྲོམ་དུ་ཕོར་བ་དང་གསང་སྤྱོད་འཁྲུ་གཡོག་རྒྱུག་རྒྱུར་གནས་སྐབས་སློབ་གྲྭ་དེར་དེབ་སེར་པོ་མ་རག་བར་སློབ་སྦྱོང་ལ་ཁ་གཡར་ནས་སྒུག་སྡོད་བྱེད་མཁན་མང་བ།
༣ གསོག་སྒར་ལ་འཛུལ་ཞུགས་བྱས་པའི་ཁམས་་ཕྱོགས་ཀྱི་སློབ་ཕྲུག་གི་བརྒྱ་ཆའི་མང་ཤོས་ཞིག་རྒྱ་ཡིག་ཉག་ཉོག་ཐེབ་ཆག་ཙམ་ཞིག་ལས། བོད་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་སོགས་ཧ་ལམ་ཅི་ཡང་ལྷག་མེད་པར་མ་ཟད། ཕ་ཡུལ་ནས་རྒྱ་དམར་གུང་བྲན་གྱི་སློབ་གསོའི་དུག་ཆུ་བཏུང་དྲགས་ནས་རྒྱ་ནག་ཏུ་སྤྱི་ཚོགས་ཀྱི་གད་སྙིགས་ལྟ་བུར་གྱུར་རྗེས། གར་འགྲོ་འདིར་འགྲོ་མེད་པར་ཕྱི་རྒྱལ་ལ་བསྐྱོད་ཆེད་རྒྱ་གར་ལ་འབྱོར་ནས་གསོག་སྒར་དུ་འཛུལ་ཞུགས་བྱེད་བཞིན་པ།
༤ ནང་ཆོས་སློབ་ཁྲིད་བྱེད་མཁན་ཡིན་ཟེར་ནས་སྤྱི་ཚོགས་ཀྱི་ཟུར་དུ་ཕུད་པའི་མི་སྙིགས་རོ་དག་གསོག་སྒར་ལ་བསྐོངས་ནས་ཆེས་སྤུས་ཀ་ཞན་པའི་དུས་ཚོད་འཕྲོ་བརླག་གི་སློབ་ཁྲིད་ཉག་ཉོག་ཡང་ཡང་བྱས་པས་སློབ་གཉེར་ལ་འདུན་པ་ཅུང་ཟབ་པའི་སློབ་ཕྲུག་་ཚོའི་སློབ་སྦྱོང་ལ་ལྷོད་གཡེང་དང་སྒྱུག་ལུག་ཤོར་ཕྱིན་པ།
༥ སློབ་ཕྲུག་མང་ཆེ་བ་ཡུལ་གྱར་དུ་སླེབ་པའི་གསར་འབྱོར་བ་རྐྱང་རྐྱང་ཡིན་ཙང་། བོད་དུ་བཞུགས་པའི་ཕ་མ་དང་ནང་མིར་དྲན་པའི་གདུང་སེམས་རབ་ཏུ་ལྕི་མོད། ཕྱོགས་གཅིག་ནས་སྡུག་བསྔལ་དེ་ཕྱི་ལོགས་ལ་བཏོན་སའི་ཡུལ་མེད་ཐོག འབྲེལ་ཡོད་ཀྱི་ལས་ཁུངས་དང་གཞུང་གིས་དེའི་ཕྱོགས་ལ་དེ་སྔ་དོ་སྣང་ཙམ་ཡང་བྱེད་མ་མྱོང་བ།
༦ འཕེལ་རྒྱས་དལ་བའི་རྒྱ་གར་སྤྱི་ཚོགས་ཀྱི་འགོས་ནད་ཐེབས་ནས་འབྲེལ་ཡོད་ཀྱི་དགེ་ལས་ཚོའི་སློབ་ཁྲིད་ལ་གཟབ་ནན་རང་བཞིན་དང་དུས་ཚོད་དམ་འཛིན་གྱི་འདུ་ཤེས་ཧ་ལམ་མེད་པ། ད་རུང་གནད་དོན་ཤིན་ཏུ་མང་མོད་རེ་ཞིག་དེ་ཙམ་ལས་ཡིག་ཚོགས་མང་བར་འཇིགས་ནས་མ་བྲིས།



བརྗོད་གཞི་གཞན་ཁག་ལ་གཟིགས།