དཔལ་འབྱོར་འབེལ་ལྷུག་ཡིན་ན་གྲུབ་འབྲས་ལེགས་པའི་ངེས་པ་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༦ཉིན། ཟླ་འདིའི་ཕྱི་ཚེས་༡༢ཉིན་གྱི་ཞོགས་པ་ཆུ་ཚོད་༩དང་ཕྱེད་ཀ་ཙམ་ལ། མེག་གྷན་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པ་དང་བགྲོ་གླེང་ཚོགས་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།

ཚོགས་འདུ་དབུ་འབྱེད་ཐོག སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། གཞན་ཡང་དྷ་ས་ཁུལ་གྱི་མི་མང་ཟུར་ཉན་པ་བཅས་འདུ་འཛོམས་ཀྱིས། ཐོག་མར་ཚོགས་ཞུགས་པ་ཚང་མ་ཡར་བཞེངས་ཏེ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་། དེ་རྗེས་བོད་བསྟན་སྲིད་ཆེད་ལུས་སྲོག་བློས་བཏང་བ་ཡོངས་དང་སྒོས་སུ་ ༢༠༠༩ ནས་རང་ལུས་མེར་སྲེག་གནང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་དང། ལས་འགུལ་ཁང་འདིའི་ས་གནས་འབྲེལ་མཐུད་པ་གཉིས་སྐུ་ཚེ་མི་ཟིན་པ་བཅས་ཀྱི་ཆེད་དུ། སློབ་དཔོན་ཟབ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་སྒྲོན་མེའི་ཞལ་ཕྱེས་ཏེ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་རྗེས་ལས་རིམ་དངོས་གཞི་དབུ་འཛུགས་གནང་སོང་།

དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་དྲུང་ཆེ་རྨོག་རུ་བསྟན་པ་ལགས་ཀྱིས་ལས་འགུལ་ཁང་ཆེད་འཛུགས་ཀྱིས་མི་མང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་སོགས་གོ་རྟོགས་རིམ་པར་སྤེལ་བའི་དགོས་དམིགས་སོགས་ངོ་སྤྲོད་གནང་དོན། ང་ཚོའི་མང་ཚོགས་ནང་དབུ་མའི་ལམ་ནི་གཞུང་གི་སྲིད་བྱུས་ཡིན་པ་དང་། ༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་ལྟ་བུར་བཞག་སྟེ་དོ་བདག་སོ་སོས་ངེས་པ་རྙེད་པས་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡོད་པར་མ་དགོངས་པའམ། གོ་བརྡ་མ་འཕྲོད་པ་ལྟ་བུའི་ཐོག་ནས་བཏང་སྙོམས་སུ་བཞག་པའི་གནས་བབ་ཡོད་བཞིན་པར་བརྟེན། ཕྱི་ལོ་༢༠༠༦ཟླ་༩པའི་ནང་དུས་རྒྱུན་ལས་དོན་འདིའི་ཐད་ཐུགས་འཚབ་ཡོད་པའི་འབྲེལ་ཡོད་ཁག་ཅིག་གིས་གོ་བསྡུར་བཤད་སྦྱངས་རིམ་བརྒྱུད་ཐོག ཕྱི་ལོ་༢༠༠༨ལོ་ནས་དབུ་མའི་ལམ་གྱི་ལས་འགུལ་སྤེལ་རྒྱུའི་ལས་རིམ་འགོ་འཛུགས་གནང་སྟེ་འདས་པའི་བགྲང་བྱ་ཁག་ཅིག་ནང་། མི་མང་དང་སློབ་གྲྭ་ཁག དགོན་སྡེ་གྲྭ་ཚང་། གཞན་ཡང་རྒྱ་མི་རིགས་དང་ཕྱི་རྒྱལ་མི་རིགས་སོགས་སུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཐབས་སྒོ་སྣ་ཚོགས་ཤིག་གནང་ཡོད་ལ། འདས་པའི་ལོ་ངོ་བཞིའི་རིང་གི་ལས་འགུལ་བརྒྱུད་སྤྱི་ཚོགས་ནང་དུ་དབུ་མའི་ལམ་ལ་གང་ཡང་ཡོང་རྒྱུ་མེད་པ་དང་། གང་ཡང་བྱེད་རྒྱུ་མེད་པ་སོགས་ཀྱི་བཤད་ཡམས་ཉུང་དུ་སོང་ཡོད། དེ་ཙམ་མ་ཟད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་ཟབ་སྦྱོང་བགྲོ་གླེང་དང་། དབུས་ས་གཉིས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་མཉམ་ཞུགས་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་དང་། ༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱེད་མཁན་རིགས་ལ་དགག་ལན་གསལ་བཤད་དུས་ཐོག་གནང་བ། ཆབ་སྲིད་ལས་འགུལ་སྤེལ་བ། སྨོན་ལམ་མཆོད་འབུལ་གོ་སྒྲིག་གནང་བ་སོགས་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཐུབ་པ་བྱུང་ཡོད་ཅེས་སོགས་གསུངས་སོང་།

དེ་རྗེས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ལས་འགུལ་ཁང་གི་ད་ལྟའི་བར་གྱི་བྱུང་སོང་རྩིས་ཁྲ་སྙན་སྒྲོན་ཞུས་རྗེས། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བྱུང་སོང་རྩིས་ཁྲ་ལེགས་པོ་བྱུང་ཡོད་པའི་སྐོར་ལ་གསུངས་དོན། ལས་དོན་གྱི་ཐོག་ལ་དཔལ་འབྱོར་གྱི་མཐུན་རྐྱེན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པས། དཔལ་འབྱོར་གྱི་མཐུན་རྐྱེན་དེ་ཚོ་ཟུར་འཛར་དང་བྱུང་སོང་རྩིས་ཁྲ་དེ་ཚོ་གསལ་བོ་བཟོས་གནང་བ་དེ་ཞེ་དྲག་ཡག་པོ་རེད། མི་མང་དང་སྤྱི་ཚོགས་ཀྱི་ལས་དོན་ག་འདྲ་ཞིག་ཡིན་རུང་དཔལ་འབྱོར་དང་འབྲེལ་བ་ཆགས་པའི་རྗེས་སུ། དཔལ་འབྱོར་གྱི་གནས་སྟངས་དེ་གསལ་བོ་མ་བྱུང་བ་དང་དྲང་པོ་དྲང་བཞག་ལྐོག་ཟ་རུལ་སུངས་མེད་པ་ཡིན་ནའང་། ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཞིག་རྩིས་ཁྲ་རང་གི་ཐོག་ནས་མ་བྱུང་བ་ཡིན་ན་སྤྱི་ཚོགས་ཀྱི་ལམ་སྲོལ་ལ་གནོད་པར་བརྟེན། སྤྱི་ཚོགས་ཀྱི་ལས་དོན་བྱེད་སྟངས་ཀྱི་ཐོག་ལ་དེང་རབས་དང་མཐུན་པ་ཞིག་ཡོང་གི་མེད་དུས་རྩིས་ཕྲ་དེ་ཚོ་ཞིབ་ཚགས་པོ་གནང་རྒྱུ་གལ་ཆེན་ཡིན་ལ།་ཁྱེད་རང་ཚོས་ལེགས་པོ་ཞེ་དྲག་བྱུང་འདུག་ཅེས་དང་།

ཁོང་གིས་མུ་མཐུད་དུ། བཙན་བྱོལ་གྱི་མི་ལོ་༥༣ལ་ཕྱིར་བལྟས་ཤིག་སློག་པ་ཡིན་ན། སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་དང་གཞི་ཆགས་ཁག་གི་འཛུགས་སྐྲུན། ཆབ་སྲིད་ཀྱི་ལས་འགུལ། མང་ཚོགས་སྐུལ་སློང་གི་ལས་དོན་སོགས་ཚང་མའི་ཐད། སྔོན་མ་ང་ཚོ་དཔལ་འབྱོར་དཀོན་པོ་ཡིན་པའི་སྐབས་དང་དེ་རིང་སང་ཉིན་དཔལ་འབྱོར་འབེལ་འབེལ་ལྷུག་ལྷུག་ཡིན་པའི་སྐབས་གཉིས་ཀྱི་ལས་དོན་གྲུབ་འབྲས་ལ་བསྐྱར་ཞིབ་ཅིག་བྱས་པ་ཡིན་ན། སྔོན་མ་མཐུན་རྐྱེན་དཀོན་པོ་ཡིན་དུས་ཀྱི་གྲུབ་འབྲས་ཡག་པོ་ཡིན་པའི་གནས་ཚུལ་མང་པོ་ར་འཕྲོད་རྒྱུ་ཡོད་པ་རེད། ལྷག་པར་དུ་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོའི་ཐོག་ཅིག་བལྟས་པ་ཡིན་ན་གསལ་བོ་བྱས་ནས་མངོན་ཐུབ་ངེས་རེད།  དེ་འདྲ་ཡིན་དུས། ང་ཚོའི་བསམ་བློའི་ནང་ལས་ཀ་ག་རེ་བྱས་པ་ཡིན་ནའང་དེ་ཡང་དག་པ་ཞིག་དང་ཕུན་སུམ་ཚོགས་པོ་ཞིག་ཡོང་དང་མ་ཡོང་དེ་དཔལ་འབྱོར་གྱི་རྒྱབ་སྐྱོར་འབེལ་འབེལ་ལྷུག་ལྷུག་ཅིག་ཡོད་མེད་ལ་རག་ལས་པའི་བསམ་བློ་འཁྱེར་སྟངས་དེ་ཡང་དག་པ་ཞིག་མིན་པ་རེད། ལས་ཀའི་དམིགས་ཡུལ་བཟང་པོ་དང་ཐབས་ལམ་ཡང་དག་པ་ཞིག་ཡིན་ན། མཐུན་རྐྱེན་རང་ཤུགས་ཀྱིས་ཡོང་བར་རེ་བ་བྱེད་རྒྱུ་ཡོད་ལ།  མཐུན་རྐྱེན་དཀོན་པོ་འདྲ་བོ་ཆགས་པ་ཡིན་ནའང་། ལས་ཀ་བརྩམས་པ་ཡིན་ན་མ་འགལ་བ་བྱས་ནས་འགྲོ་ཐུབ་པའི་གོ་སྐབས་དང་རེ་བ་གཉིས་ཆ་ཡོད་དུས། ཁྱེད་རང་ཚོས་གང་ཡོད་པའི་མཐུན་རྐྱེན་དེ་བེད་སྤྱོད་བཏང་ནས་ཕྱག་ལས་ག་ཚོད་གནང་ཐུབ་ཡོད་པ་དེ། དེ་རིང་ང་ཚོས་གསན་པའི་ལས་བསྡོམས་ཀྱི་ནང་ནས་གསལ་བོ་ཆགས་བསྡད་ཡོད་ལ། མ་འོངས་པ་ལའང་མུ་མཐུད་ནས་སྔོན་མ་ནང་བཞིན་བྱས་ནས་ཕེབས་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་ཡོད་པ་རེད་བསམ་གྱི་འདུག་ཅེས་གསུངས་སོང་།

གཞན་ཡང་། དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་མི་ས་ཡ་དྲུག་གི་འཕྲལ་ཡུན་གྱི་དཀའ་རྙོག་སེལ་བའི་ཆེད་ཁོ་ནར་གཏན་ལ་ཕབ་པ་ཞིག་མ་ཡིན་པའི་སྐོར་ལ་ཁོང་གིས། ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་ནང་ལོགས་ལ་རླབས་ཆེ་ཤོས་ཤིག་ག་རེ་ཚུད་ཀྱི་ཡོད་པ་རེད་ཟེར་ན། འདོད་པ་བསོད་སྙོམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་ཆ་སྤངས་པའི་དབུ་མའི་ལམ་ཀྱི་དཔལ་འབྱོར་གྱི་གནས་བབ་ཅིག་དགོས་ཀྱི་ཡོད་པ་དེ་སྲིད་བྱུས་འདིའི་མཚོན་དོན་གཙོ་བོ་ཞིག་རེད། དེ་དང་ཆབས་ཅིག་ཏུ་སྲིད་བྱུས་འདིའི་ཆ་ཤས་ལ་མེད་དུ་མི་རུང་བའི་ཡན་ལག་གཞན་པ་ཞིག་ནི་འཚེ་བ་མེད་པ་དེ་རེད། རྣམ་པར་མི་འཚེ་བ་དེ་མ་བྱུང་བ་ཡིན་ན་དབུ་མའི་ལམ་དེ་ཡོང་ཐབས་མེད་ལ། དབུས་ལ་གནས་ཐབས་ཡོད་པ་མ་རེད། གལ་སྲིད་འདོད་པ་བསོད་སྙོམས་ཀྱི་མཐའ་ལ་མི་ལྷུང་བ་དང་ངལ་ཞིང་དུབ་པའི་མཐའ་ལ་མི་ལྷུང་བ། འཚེ་བའི་མཐའ་ལ་མི་ལྷུང་བ་གསུམ་འཛོམས་པ་ཡིན་ན། ད་ལྟའི་ས་ཡི་གོ་ལ་འདིའི་སྟེང་ལ་ཡོད་པའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་དཀའ་རྙོག་སོགས་ཡོངས་སུ་རྫོགས་པ་སེལ་ཐུབ་པ་ཞིག་ཡིན་དུས།  ཕྱི་དངོས་པོའི་གནས་ལུགས་རྒྱ་ཆེན་པོ་ཞིག་ལ་བསམ་བློ་བཏང་ནས་གཏན་ལ་ཕབ་ཞིག་རེད་མ་གཏོགས། འཕྲལ་སེལ་གྱི་ཆབ་སྲིད་ཀྱི་ཁེ་ཕན་ཞིག་ལ་བལྟས་ནས་གཏན་ལ་ཕབ་པ་ཞིག་མ་རེད་ཅེས་གསུངས་སོང་།

གསར་འགོད་པས་གླེང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་རྒྱ་གཉིས་ཀྱི་རྒྱལ་དར་བཟུང་ཏེ་བོད་དུ་གོམ་བགྲོད་གནང་བཞིན་པའི་ཐད། སྤྱི་ཚོགས་ཐོག་གླེང་སློང་སྣ་ཚོགས་བྱུང་བཞིན་ཡོད་པས་བཀའ་ཟུར་མཆོག་ལ་དེའི་ཐད་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར་ཁོང་གིས།  རྒྱ་ནག་གི་རྒྱལ་དར་འཁྱེར་ནས་འགྲོ་བཞིན་ཡོད་པ་དེ་རིང་མ་གཏོགས་གོ་ཐོས་བྱུང་མ་སོང་། སྤྱིར་བཏང་རྒྱ་ནག་གི་རྒྱལ་དར་མེར་བསྲེག་གཏོང་བ་དང་རྡོག་བརྗིས་གཏོང་བ་ལ་ང་རང་བཀའ་ཤག་ནང་ཡོད་སྐབསཀྱང་ཡག་པོ་མ་རེད་ཅེས་ལབ་མྱོང་ལ། ང་རང་སྒེར་གྱི་ལྟ་ཚུལ་ཡིན་ན་ཡག་པོ་མི་འདུག་བསམ་གྱི་ཡོད།  ང་ཚོས་ཁ་གཏད་བྱེད་སྐབས་མི་རིགས་ཤིག་གི་བརྩི་མཐོང་དང་མཚོན་རྟགས་ཡིན་པ་ཞིག་ལ་དམའ་འབེབས་བཏང་ན། འཚེ་མེད་ཞི་བའི་ལམ་དང་མཐུན་གྱི་མེད་པ་མ་ཟད། བྱེད་སྟངས་དེས་ང་ཚོའི་འཐབ་རྩོད་གནས་ཚད་དམའ་སར་ལྷུང་འགྲོ་ཡི་ཡོད། དེ་མི་དཀྱུས་མ་ཞིག་གིས་འཁྲུག་པ་བརྒྱབ་པའི་བཟོ་འདྲ་བོ་མ་གཏོགས། མི་རིགས་དང་རྒྱལ་ཁབ་བར་གྱི་འཐབ་རྩོད་ཀྱི་རྣམ་པ་ཞིག་སྟོན་ཐུབ་ཀྱི་མེད། རྒྱལ་དར་གཉིས་མཉམ་དུ་འཁྱེར་ནས་འགྲོ་མཁན་དེ་ཚོར་རྒྱུ་མཚན་དང་བསམ་བློའི་གཞི་བཞག་ས་ཞིག་ཏན་ཏན་ཡོད་རྒྱུ་རེད། གཅིག་བྱས་ན་བོད་ཀྱི་ས་མཚམས་བརྒལ་ནས་ཕེབས་པའི་སྐབས་ལ། ཁ་བྲལ་མིན་པ་དང་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་ཀྱི་ཡོད་པ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་ཕེབས་ཀྱི་ཡོད་པ་དེ་འདྲ་མཚོན་པའི་ཆེད་དུ་ཡིན་མི་སྲིད་པ་མ་རེད་ཅེས་སོགས་གསུངས་སོང་།

ཐེངས་འདིའི་ཚོགས་ཆེན་གྱི་ཐོག་མའི་ཉིན་གཉིས་རིང་བོད་ནང་བྱུང་བའི་རང་ལུས་མེར་སྲེག་ཐད་རྒྱ་ནག་མི་མང་དང་ཤེས་ཡོན་ཅན་ཚོས་ལྟ་སྟངས་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་ལྟ་སྟངས། དེ་བཞིན་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་གནང་མཁན་ཆེད་དུ་གདན་འདྲེན་གྱིས་བགྲོ་གླེང་ལྷུག་པོ་གནང་བཞིན་ཡོད་པ་དང་། དེ་རྗེས་ཉིན་གསུམ་རིང་གྲོས་ཆོད་འཇོག་རྒྱུ་དང་རྒྱུན་ལས་གསར་འདེམས་སོགས་གནང་རྒྱུ་ཡིན་ལ།  ད་ལྟའི་ཆར་ལས་འགུལ་ཁང་འདིར་དབུས་རྒྱུན་༡༡ཡོད་པ་དང་། རྒྱ་གར་དང་བལ་ཡུལ་སོགས་ཀྱི་ནང་དུ་ཡན་ལག་ཁང་༡༨བཙུགས་ཡོད་ལ། ཚོགས་མི་ཐོ་འགོད་བྱས་ཟིན་པ་༡༦༠༠༠ལྷག་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།