བོད་ཀྱི་ཁོར་ཡུག་གི་གལ་གནད་རང་བཞིན་སྐོར་གླེང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༡ཉིན། དེ་རིང་ཞོགས་པ་ཆུ་ཚོད་༩དང་སྐར་མ་༡༥ཐོག གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་འཛམ་གླིང་སྣེ་གསུམ་པ་བོད་དང་འབྲེལ་བའི་ཁོར་ཡུག་གི་གལ་གནད་ཐོག་བགྲོ་གླེང་གནང་ཡོད་པ་རེད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་གོ་ལའི་སྟེང་གལ་གནད་ཇི་ཡིན་སྐོར་བགྲོ་གླེང་གནང་ཡོད། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང༌། བལ་ཡུལ་དང་འབྲུག་དེ་བཞིན་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུ་ཛི་བྷེ་ཀི་སི་ཐན་(Uzbekistan)དང་ཏཱ་ཇ་ཀི་སི་ཐན།(Tajikistan) ཏུརྐ་མེ་ནི་སི་ཐན་(Turkmenistan)བཅས་ཀྱི་ནང་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་ཡོད་པ་མ་ཟད། རྒྱ་གར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དྲུང་ཆེའི་ཕྱག་ལས་གནང་མྱོང་ཡོད་པའི་སྐུ་ཞབས་དྷཱ་ལིཔ་མེཧ་ཏཱ་མཆོག་(Dalip Mehta) དེ་བཞིན་བོད་ཀྱི་རྒྱལ་རབས་ཐོག་ཉམས་ཞིབ་པ་སྐུ་ཞབས་མཱ་ཐུཝ་ཨཀེ་ས་ཊར་(Mathew Akester)ལགས། ཨ་རིར་རྟེན་གཞི་བྱས་པའི་གཙུག་ལག་སློབ་དཔོན་སྐུ་ཞབས་ངག་དབང་ཕུན་ཚོགས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། འགན་འཛིན་གཞོན་པ་བློ་བཟང་ལགས་ཀྱི་དབུས་འབྲེལ་ཡོད་ལས་བྱེད་རྣམ་པ། ལྷན་ཁང་ཁག་གི་དྲུང་གཞོན་ཡན་གྱི་སྲི་ཞུའི་ལས་བྱེད་ཁག་གཅིག་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་གཅིག་བཅས་ཁྱོན་མི་གྲངས་ ༡༠༠ བརྒལ་བ་ལྷན་འཛོམས་ཐོག་བཀའ་ཁྲི་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན།

འཛམ་གླིང་བྱང་སྣེ་དང་ལྷོ་སྣེ་གཉིས་ཕུད་པའི་གངས་མང་ཤོས་ཀྱི་ས་ཁུལ་དེ་བཞིན་མཐོ་སྒང་བོད་དེ་ཆགས་ཡོད། འཛམ་གླིང་བྱང་སྣེ་དང་ལྷོ་སྣེ་གཉིས་ཀྱི་གངས་བཞུར་ནས་རྒྱ་མཚོའི་ནང་འགྲོ་བཞིན་ཡོད། མཐོ་སྒང་བོད་ཀྱི་གངས་རྣམས་བཞུར་སྐབས་མཐུང་ཆུར་འགྱུར་ཏེ་ཨེ་ཤིའི་ཡའི་ས་ཁུལ་དཔེར་ན་རྒྱ་གར་དང་པ་ཀི་སི་ཐན་ནང་རྒྱུག་བཞིན་པའི་སེང་གེ་གཙང་པོ་(Indus) རྒྱུགས་ཆུ་དང༌། གླང་ཆེན་ཁ་བབ་(Brahmaputra)དེ་བཞིན་རྒྱ་གར་དང་བྷང་ལ་སྡེ་ཤིའི་ནང་རྒྱུག་བཞིན་ཡོད། རྫ་ཆུ་(Mekong)དེ་བཞིན་ཐའི་ལན་ཌི། ལའོ་སི། ཁེམ་བྷོ་ཌི་ཡ་སོགས་ཀྱི་ནང་རྒྱུག་བཞིན་ཡོད། འབྲི་ཆུ་(Yangtse)དང་རྨ་ཆུ་(Yellow River)རྒྱ་ནག་ཏུ་རྒྱུག་བཞིན་ཡོད། དེར་བརྟེན་མཐོ་སྒང་བོད་ཀྱི་ཁོར་ཡུག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མཁས་པ་ཁག་གཅིག་གིས་དེ་སྔ་སའི་ཆེད་དུ་དམག་འཁྲུག་བྱུང་བ་དང། དེང་སང་ནུས་ཤུགས་ཆེད་དམག་འཁྲུག་འབྱུང་བཞིན་ཡོད་པ་དང། འབྱུང་འགྱུར་རིང་མིན་ཆུའི་ཆེད་དུ་དམག་ཁྲུག་ཡོང་རྒྱུ་ཡིན་པའི་ཚོད་དཔག་གནང་བཞིན་ཡོད།

དེང་སྐབས་རྒྱ་ནག་གཞུང་གིས་རྒྱུག་ཆུ་དེ་ཚོར་ཆུ་རགས་བརྒྱབ་དང་རྒྱག་བཞིན་ཡོད། དེའི་སྐོར་དེ་རིང་གཏམ་བཤད་གནང་མཁན་ཁག་གཅིག་གིས་གསལ་པོར་འགྲེལ་བཤད་གནང་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་བོད་ཀྱི་རྒྱུག་ཆུ་གཅིག་རང་ལ་ཆུ་རགས་ ༢༠ ཙམ་བརྒྱབ་སྟེ་ཆུ་གློག་གི་ཐོན་ཁུངས་སྐྲུན་བཞིན་ཡོད། ཆུ་རགས་དེ་དག་སྤུས་ཚད་ཇི་ཡིན་ཤེས་རྒྱུ་གལ་ཆེན་ཆགས་ཡོད། སྐབས་རེ་དངུལ་བཟོ་ཆེད་ཆུ་རགས་སྤུས་ཚད་དེ་ཙམ་མེད་པའི་ཐོག་ནས་བརྒྱབ་པ་དེ་འདྲ་ཡོང་སྲིད། དེ་འདྲ་བྱུང་ན་ཆུ་རགས་ཀྱི་རྩིག་པ་གས་པ་ལ་སོགས་བྱུང་སྟེ་ཆུ་རུད་ཀྱི་འཇིག་པ་སོགས་བྱུང་སྟེ་རྒྱུག་ཆུའི་གཤམ་དུ་འཚོ་བཞིན་པའི་ཡུལ་མི་མང་པོར་ཉན་ཚབས་ཧ་ཅང་ཡོང་རྒྱུ་ཡིན།

རྒྱུག་ཆུ་དེ་དག་ལ་རྟེན་ནས་འཚོ་བ་སྐྱེལ་མཁན་ཞིང་པ་དང་ཉ་པ་ཚོའི་འཚོ་བ་ལའང་ཐད་ཀར་ཕན་གནོད་འབྲེལ་ཡོད། གང་ཡིན་བརྗོད་ན་རྒྱ་ནག་གིས་བོད་ཀྱི་རྒྱུག་ཆུ་དེ་དག་ལ་ཆུ་རག་མང་པོ་རྒྱབ་པར་བརྟེན་རྒྱུག་ཆུའི་ཤུགས་དེ་ཉམས་ནས་སྔར་རྒྱུག་ཆུའི་ཤུལ་ལམ་མང་པོའི་ཆུ་སྐམ་འགྲོ་བཞིན་ཡོད། གནས་ཚུལ་ཐོན་ཁུངས་ཁག་གཅིག་གིས་རྨ་ཆུར་ཆུ་རགས་བརྒྱབ་པར་བརྟེན་ད་ཆ་རྒྱ་མཚོའི་ནང་སླེབ་མ་ཐུབ་པའི་གནས་ཚུལ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང།

དེ་རྗེས་གཞུང་ཚབ་ཟུར་པ་དྷཱ་ལིཔ་མེཧ་ཏཱ་མཆོག་གིས་ཁོར་ཡུག་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། རྒྱ་ནག་གིས་བོད་དེ་བཞིན་ཕྱི་ལོ་ ༡༩༤༩ ལོར་བཙན་འཛུལ་མ་བྱས་གོང་བོད་དེ་བཞིན་རང་དབང་རང་བཙན་གཙང་མ་དང་ཞི་བདེའི་བསྟི་གནས་ཤིག་ཆགས་ཡོད། སྐབས་དེར་བོད་རྒྱའི་དབར་ས་མཚམས་ཀྱི་ས་ཐིག་དེ་ཙམ་གཅོད་མཚམས་གསལ་པོ་མེད། འོན་ཀྱང་ཕྱི་ལོ་ ༡༩༥༠ རྗེས་ལས་བོད་ཀྱི་ས་མཚམས་ཀྱི་གནས་སྟངས་ལ་གཞི་རྩའི་འགྱུར་བ་བྱུང་ཡོད། ད་ཆ་རྒྱ་གར་དང་རྒྱ་ནག་དབར་དམག་སྲུང་ཆེད་འཛུགས་ཀྱིས་ཉེན་ཚབས་ཆེ་བའི་ས་མཚམས་ཀྱི་ས་ཐིག་བཅད་ཡོད། རྒྱང་ཐག་ཀི་ལོ་མི་ཊར་ ༤༥༠༠ ཙམ་གྱི་ས་མཚམས་ཀྱི་ཆེད་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུག་བྱུང་ཡོད། དེང་སྐབས་ཡུལ་གཉིས་ཀས་རྡུལ་ཕྲན་མཚོན་ཆའི་ནུས་ཤུགས་ཡོད་པར་བརྟེན་བོད་ཀྱི་བར་འདུམ་བྱེད་ཐབས་མེད། འོན་ཀྱང་བོད་ནང་རྒྱ་ནག་གཞུང་གིས་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་པ་ཙམ་མ་ཟད། དམག་ཤུགས་ཡར་རྒྱས་བཏང་ཡོད། དེ་བཞིན་བོད་ནང་རྡུལ་ཕྲན་སྙིགས་གསོག་བྱེད་བཞིན་ཡོད།

གཞན་ཡང་དེང་སྐབས་གོར་མོ་ནས་ལྷ་སའི་བར་མེ་འཁོར་ཡང་བཙུགས་ཟིན། དེར་བརྟེན་བོད་ནང་དམག་མི་དང་གོ་ལག་ཕོན་ཆེ་འཕྲལ་མར་འོར་འདྲེན་བྱེད་ཐུབ། ཁུངས་ལྡན་གནས་ཚུལ་ལ་གཞིགས་ན་འདི་ལོ་གཅི་པུར་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་འགྲོ་གྲོན་བཏང་ནས་བོད་ནང་ལམ་ཁ་གསར་པ་བཟོ་རྒྱུ་མ་ཟད། ལམ་ཁ་རྙིང་པ་རྣམས་བཟོ་བཅོས་བྱེད་རྒྱུ་ཡིན་འདུག བོད་ནང་དུ་ཀི་ལོ་མི་ཊར་ ༦༣ གྱི་རང་ཚད་ལྡན་པའི་ལམ་ཁ་ཡོད། ཕྱི་ལོ་ ༢༠༡༡ནས་༢༠༡༥ བར་རྒྱ་ནག་གཞུང་གིས་བོད་ནང་དུ་ཨ་སྒོར་ཐེར་འབུམ་ ༧དང་༣ འཕར་མ་བཏང་ནས་བོད་ནང་གི་ལམ་ཁ་ཡར་རྒྱས་གཏོང་རྒྱུ་ཡིན་འདུག འདི་ལོ་རྒྱ་ནག་གཞུང་གི་དམག་གི་འགྲོ་གྲོན་ཆེད་གྲོ་སོང་དེ་སྔ་ལས་བརྒྱ་ཆ་ ༡༡ སྤར་ཏེ་ཨ་སྒོར་འཐེར་འབུམ་ ༡༠༠ ལས་བརྒལ་ཡོད། དེ་ནི་རྒྱ་ནག་བདེ་འཇགས་འགྲོ་གྲོན་གྱི་བྱུང་རབས་ནང་ཐོག་མ་དེ་ཆགས་ཡོད། དེར་བརྟེན་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷག་པར་རྒྱ་གར་ལྟ་བུས་ཧ་ཅང་སེམས་འཚབ་བྱེད་དགོས་པ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང༌། དེ་རྗེས་སྐུ་ཞབས་མཱ་ཐུཝ་ཨཀེ་ས་ཊར་(Matthew Akester)ལགས་ཀྱིས་གཏེར་ཁའི་སྐོར་བརྗོད་གཞིའི་ཐོག་གསུང་བཤད་གྲུབ་མཚམས་ཕྱི་དྲིལ་ཁོར་ཡུག་ཉམས་ཞིབ་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་མཐོ་སྒང་གི་ས་གཤིས་འཕེལ་རིམ་སྐོར་གསུང་བཤད་གནང་སྟེ་སྔ༌དྲོའི་ཚོགས་ཐུན་དང་པོ་ལེགས་གྲུབ་བྱུང་ཡོད།

ཉིན་རྒྱབ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཚོགས་ཐུན་གཉིས་པ་ངོ་སྤྲོད་ཀྱི་གསུང་བཤད་སྙིང་བསྡུས་ཤིག་གནང་རྗེས། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་འབྲོག་པའི་སྐོར། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་འཕྲིན་ལས་འཇིགས་མེད་ལགས་ཀྱིས་ཡར་ཀླུང་གཙང་པོའི་སྟེང་གི་ཆུ་རགས། ཞེས་པའི་བརྗོད་གཞིའི་སྐོར་གསུང་བཤད་གནང་མཚམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་བསྟན་འཛིན་དོན་ལྡན་ལགས་ཀྱིས་བོད་ནང་གི་གཏེར་དངོས་སྐོར་གསུང་བཤད་གནང་ཡོད། མཇུག་བསྡོམས་སློབ་དཔོན་ངག་དབང་ཕུན་ཚོགས་ལགས་ཀྱིས་གཙོས་ཁོངས་རྣམ་པས་མ་འོངས་ཁ་ཕྱོགས་སྐོར་སྐར་མ་གསུམ་ཙམ་རིང་གསུང་བཤད་གནང་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལགས་ནས་མཇུག་བསྡོམས་གནང་སྟེ་གྲོལ་ཡོད་པ་རེད་ཅེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།