བུད་མེད་ཀྱི་ཚོགས་ཆེན་ཐེངས་བཅུ་པ་དབུ་འཛུགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༡ཉིན། དེ་རིང་དྷ་ཤོད་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༠པ་དབུ་འཛུགས་གནང་ཡོད་པ་དང༌། ཚོགས་ཆེན་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོར་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བཀའ་བློན་ཟུར་པ་རིན་ཆེན་མཁའ་འགྲོ་མཆོག་བཅས་ཆེད་དུ་གདན་འདྲེན་ཞུས་འདུག

ཐེངས་འདིར་ཕྱི་ཚེས་༡༡ནས་༡༦བར་ཉིན་གྲངས་༦རིང་འདས་པའི་ལས་དོན་ཁག་ལ་བསྐྱར་ཞིབ་དང༌། འབྱུང་འགྱུར་ལས་འཆར་ཁག་ལ་གོ་བསྡུར་གནང་རྗེས་དབུས་རྒྱུན་སྐབས་༡༠པའི་རྒྱུན་ལས་མི་གྲངས་༡༡ གསར་འདེམས་གནང་རྒྱུ་རེད་འདུག་ལ། ཐེངས་འདིའི་ཚོགས་ཆེན་ཐོག དབུས་དང་ས་གནས་ཡན་ལག་ཁག་༣༣ནས་ཚོགས་བཅར་བ་མི་གྲངས་༡༣༠ལྷག་ཕེབས་འདུག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ནི་ལོ་༣རེའི་མཚམས་སུ་ཐེངས་རེར་ཚོགས་ཀྱིན་ཡོད་འདུག་ལ། ཚོགས་ཆེན་དེའི་ཐོག་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཁག་ལ་སྐྱར་བཅོས་དང༌། མ་འོངས་ལས་དོན་ཁག་ཐག་གཅོད་བྱེད་པའི་ཚོགས་འདུ་གལ་ཆེ་ཤོས་དེ་ཡིན་འདུག

ཐེངས་འདིར་དངོས་གཞིའི་ཚོགས་ཆེན་མ་ཚོགས་པའི་ཡར་སྔོན་ཕྱི་ཟླ་༤པའི་ཚེས་༧ནས་ཚེས་༡༠བར་ཉིན་གྲངས་༤རིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ལ་༼བུད་མེད་ནུས་སྟོབས་གོང་འཕེལ་སྦྱོང་བརྡར་༽ཟེར་བའི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་འདུག་ལ། སྦྱོང་བརྡར་གྱི་དུས་ཡུན་དེའི་རིང་ཁྲིམས་དང༌། འགྲོ་བ་མིའི་ཐོིབ་ཐང་། བུད་མེད་ཀྱི་འཕྲོད་བསྟེན། འབྲེལ་ལམ་བྱེད་ཕྱོགས། མཉམ་རུབ་ལས་དོན། འཆར་གཞི་དང་དཔལ་འབྱོར་བསྡུ་འགོད། ཁོར་ཡུག་དང་གནམ་གཤོས་འགྱུར་ལྡོག་བཅས་ཀྱི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། འདི་ལོར་ལོ་གསར་ཚེས་གཅིག་ཉིན་དེ་སྔོན་སྐུ་ལུས་མེ་སྲེག་གཏོང་མཁན་གྱི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་བུད་མེད་ཀྱི་ཚོགས་མི་ཡོངས་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། དེ་ཉིན་གྱི་ཟས་དོད་དངུལ་འབོར་དེ་དག་བོད་ནང་གི་བུད་མེད་ལ་ཤེས་ཡོན་གོང་འཕེལ་གཏོང་རྒྱུ་ཆེད་འབུལ་རྒྱུ་ཡིན། བོད་ནང་ཡིེད་གཏན་འཕེལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་བརྒྱུད་དངུལ་འབོར་དེ་དག་འབྲོག་པའི་ཁྱིམ་ཚང་ནས་ཡིན་པའི་བུ་མོ་ལ་འབྲིང་རིམ་སློབ་གྲྭ་འགྲིམ་རྒྱུ་དང༌། ཕྱི་ལོ་༢༠༡༢ དང་ ༢༠༡༣ སློབ་ལོའི་ནང་རྒྱ་ནག་དང་བོད་ནང་ལོ་བཞིའི་རིང་རབ་འབྱམས་པའི་སློབ་གཉེར་སློབ་དོད་དུ་འབུལ་རྒྱུ་ཡིན་ཞེས་གསུངས་སོང༌།

དེ་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༼བོད་མིའི་ལུས་སྲོག་ཞུགས་འབུལ་ཐོག་ཉམས་ཞིབ་དང༌། དེའི་རྒྱབ་ལྗོངས། ཀུན་སློང༌། རྣམ་འགྱུར་༽བཅས་ཀྱི་ཐོག་དཔྱད་གཞིའི་སྙན་ཐོ་ཞིག་ཕྱོགས་སྒྲིག་ཞུས་པའི་དེབ་ཅིག སྐུ་མགྲོན་གཙོ་བོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང༌། བཀའ་ཁྲི་ཟུར་པ་ཟམ་གདོང་རིན་ཆེན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུ་འབྱེད་གནང་སོང༌།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་པོ་དང༌། བཀའ་བློན་ཟུར་པ། དེ་བཞིན་ད་ལྟའི་ཆར་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་རིན་ཆེན་མཁའ་འགྲོ་མཆོག་གིས། སྤྱི་ཚོགས་ཡག་པོ་ཡོང་བར་ནང་མི་ཡག་པོ་ཡོང་དགོས་ཀྱི་ཡོད་པ་དང༌། སྤྱི་ཚོགས་ཡག་པོ་བྱུང་བ་ཡིན་ན་རྒྱལ་ཁབ་ཡག་པོ་ཡོང་གི་ཡོད་པ་རེད། དེའི་འབྱུང་རྩ་དེ་ག་རེ་ལ་ཐུག་ཡོད་པ་རེད་ཟེར་ན། དཔེར་ན་སྤྱི་ཚོགས་ཤིག་ཡག་པོ་ཡོང་བར། ནང་མི་ཞིག་ལ་ཆགས་བཞག་ན་དམ་ཚིག་གཙང་མ་དགོས་ཀྱི་ཡོད་པ་རེད། ཕ་མ་གཉིས་ཀྱི་དབར་དམ་ཚིག་གཙང་མ་དང༌། དེ་བཞིན་ལས་ཁུངས་ཤིག་གི་ནང་ལས་བྱེད་ལ་ཆགས་བཞག་ན་འགོ་ལ་སྡོད་མཁན་དང་འོག་བཞུགས་མཁན་གཉིས་དབར་དམ་ཚིག་གཙང་མ་དགོས་ཀྱི་ཡོད་པ་རེད། དམ་ཚིག་གཙང་མ་བ་བྱུང་བ་ཡིན་ན། ལས་དོན་ཡག་པོ་འགྲུབ་ངེས་རེད།

དེ་བཞིན་ང་ཚོས་སོ་སོས་སྤྱོད་པ་འཁྱེར་སྟངས་ཐོག་ལ་ཆགས་བཞག་ན། ག་ཚོས་ག་དུས་ཡིན་རུང་གྲྭ་བཙུན་རྣམ་པ་ཚོར་བལྟས་ནས་སྤྱོད་པ་དེ་འདྲ་མ་རེད་ཅེས་ཁ་གཏོང་མཁན་མང་པོ་ཡོད་པ་རེད། འོན་ཀྱང་ངས་བལྟས་པ་ཡིན་ན་ང་ཚོ་སྐྱ་བོ་རྣམ་པ་ཚོས་ཀྱང་སོ་སོའི་བྱ་སྤྱོད་ལ་ཏོག་ཙམ་བལྟ་དགོས་ཀྱི་ཡོད་པ་རེད། ཆོས་གཞན་རྒྱ་ཆེན་པོ་མ་ཤེས་རུང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་དེ་ཡག་པོ་ཞིག་སྲུང་གི་འདུག་གམ་མི་འདུག་ཅེས་བལྟས་པ་ཡིན་ན། སྐྱ་བོ་ཚོར་ལའང་སྡོམ་པ་དང་ཚུལ་ཁྲིམས་སྲུང་རྒྱུ་མང་པོ་ཡོད་པ་རེད་བསམས་ཀྱི་འདུག

དེ་ཚོ་མེད་པར་ཡར་ཐོན་ཟེར་བའི་སྤྱི་ཚོགས་དེ་དག་གི་སྤྱོད་པ་འཁྱེར་ནས་ཕྱིན་པ་ཡིན་ན། ཁྱིམ་ཚང་དུམ་བུ་དགུར་འགྲོ་བ་དང༌། ཕ་མ་པུ་གུ་ཡར་བྲལ་ཕྱིན་པ་སོགས་ཆེ་ས་ནས་ང་ཚོས་ཆབ་སྲིད་ཐོག་བཀའ་མོལ་གནང་དགོས་པ་དེ་གལ་ཆེན་པོི་ཡིན་ཡང༌། དེ་ཚོ་ནས་འགོ་བཙུགས་ནས་ལས་དོན་གནང་བ་ཡིན་ན་ང་ཚོའི་རྒྱལ་ཁབ་དེ་གཞན་དང་མི་འདྲ་བ་ཞིག་ཆགས་ཀྱི་རེད་བསམས་ཀྱི་འདུག ངས་ཁ་སང་མར་ཉལ་སྐབས་བསམ་བློ་བཏང་ནས་དེ་རིང་བཀའ་མོལ་འདི་འདྲ་ཞུས་པ་ཞིག་མིན། སྐྱ་བོ་ཚོས་ཀྱང་དུས་རྒྱུན་དུ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་རྒྱུ་གལ་ཆེན་པོ་ཞིག་མིན་འགྲོ་བསམས་ཀྱི་འདུག་ཅེས་གསུངས་སོང༌།

དེ་རྗེས་སྐུན་མགྲོན་གཙོ་བོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། འགྲོ་བ་མིའི་སྤྱི་ཚོགས་ནང་སྐྱེས་པ་དང་བུད་མེད་ཟེར་བ་དེ་འབྲལ་དུ་མི་རུང་བའི་འདྲ་མཉམ་གྱི་ཆ་ཤས་ཤིག་དང༌། དེ་ལ་བརྟེན་ནས་ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཀྱང་སྤྱི་ཚོགས་ཀྱི་དགོས་འདུན་དང་ཡར་རྒྱས་དེ་ཡོང་དགོས་ཀྱི་ཡོད་པ་རེད། བོད་གངས་ཅན་ལྗོངས་ལྟ་བུར་མཚོན་ན། སྔར་ནས་བུད་མེད་དེ་ཚོས་སྐྱེས་པ་དང་དཔུང་པ་མཉམ་བཤིག་བྱས་ནས་འདྲ་མཉམ་ཐོག མཁས་པའི་ཡོན་ཏན་ཐོག་ལ་ཡིན་ན་འདྲ། ཆོས་ཀྱི་བྱེད་སྒོ་ཐོག་ལ་ཡིན་ན་འདྲ། ཆབ་སྲིད་དང་དམག་གི་བྱ་ལས་ཐོག་ལ་ཡིན་ནའང་འདྲ་གཅིག་གྱུར་བྱས་ནས་ཕེབས་ཡོད་པ་དེ་ང་ཚོའི་བྱུང་རབས་ནང་ཧ་ཅང་གསལ་པོ་རེད།

འཇིག་རྟེན་འདིའི་ཐོག་ཡུལ་ལུང་འགའ་ཤས་ནང་སྐྱེས་པ་དང་བུད་མེད་ཟེར་ནས་དབྱེ་བ་ཡོད་མཁན་མང་པོ་ཞིག་བྱུང་ཡོད་པ་རེད། འོན་ཀྱང་བོད་ལ་འགྲོ་བ་མིའི་བྱུང་རབས་ཆགས་པ་ནས་བཟུང་སྟེ་ད་ལྟ་བར་འདྲ་མཉམ་མ་གཏོགས་མནའ་གནོན་བྱེད་པའི་བྱུང་རབས་མེད་པ་རེད། ཚང་མ་གཅིག་གྱུར་དང་འདྲ་མཉམ་ཐོག་ནས་ཕེབས་ཡོད་པ་རེད་ཅེས་གསུངས་སོང་།

ཡང་ཁོང་གིས་ང་ཚོ་སྐྱབས་བཅོལ་གྱི་གནས་བབ་ནང་འདས་པའི་ལོ་ལྔ་བཅུ་ང་གྲངས་རིང་ལ་ཕྱི་བལྟས་ཤིག་སློག་པ་ཡིན་ན། ད་ལྟ་ང་ཚོའི་མི་རབས་གསར་པའི་ནང༌། ལོ་༥༠མན་ཆད་བྱས་པའི་མི་རབས་ནང་སྔོན་མ་ཐོན་པ་ནང་བཞིན་རླབས་ཆེན་གྱི་མཁས་པ། དཔེར་ན་ང་རང་ཚོའི་དྲན་ཐོག་ཏུ་ཡོད་པའི་བོད་ནང་གི་མཁས་པ་དེ་ཚོ་དང་ཆ་མཚུངས་པ་ཞིག་ཐོན་མ་ཐུབ་པ་དེ། གནད་འགག་ག་པར་ཐུབ་པ་རེད་ང་ཚོས་འབྱུང་རྐྱེན་རྩ་བ་འཚོལ་ཐུབ་རྒྱུ་ཁག་པོ་ཡིན་གྱི་རེད་བསམས་ཀྱི་འདུག

ཡིན་ན་ཡང༌། རླབས་ཆེན་གྱི་ཤེས་རབས་ཅན་གྱི་ན་གཞོན་གསར་པ་ཡོང་དང་མི་ཡོང་དེ་སྦྲུམ་མའི་གནས་སྐབས་དང༌། བྱིས་པའི་གནས་སྐབས་ལ་བལྟ་སྐྱོང་བྱེད་སྟངས་ལ་ཧ་ཅང་རག་ལུས་པ་ཞིག་ཡིན་དུས། ༧རྒྱལ་བ་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་ཀྱང་དེ་ལ་དམིགས་བསལ་གྱི་ཐུགས་སྣང་གནང་ནས་སྨན་རྩིས་ཁང་ལ་༼བྱིས་པ་ཉེས་སྐྱོབ་༽ལ་སོགས་པའི་སྡེ་ཚན་ཟུར་འཛུགས་དང་ཕྱག་དཔེ་དཔར་སྐྲུན་མང་པོ་གནང་ཡོད་པ་རེད། དེར་བརྟེན་མ་འོངས་པར་བོད་ལ་སྔོན་མ་བྱུང་བའི་མཁས་པ་དེ་ཚོ་ནང་བཞིན་རླབས་ཆེན་གྱི་སྙིང་སྟོབས་དང་ཤེས་རབས་ཅན་གྱི་མི་མང་པོ་ཡོང་བའི་ཆེད་དུ། གཞོན་སྐྱེས་ཀྱི་ཨ་མ་དེ་ཚོས་སྦྲུམ་མའི་གནས་སྐབས་དང༌། བྱིས་པ་གསོ་སྐྱོང་ཐད་དམིགས་བསལ་གྱི་ཐུགས་སྣང་བཞེས་ཡ་དང༌། དེར་བུད་མེད་ལྷན་ཚོགས་ཀྱིས་དགོངས་པ་བཞེས་ཐུབ་ན་ཧ་ཅང་ཡག་པོ་ཡོང་གི་རེད་བསམས་ཀྱི་འདུག་ཅེས་བཀའ་གནང་སོང༌།

བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཕྱི་ལོ་༡༩༨༤ལོར་བཙན་བྱོལ་དུ་སླར་གསོ་བྱུང་བའི་ད་ཆ་གཞུང་བྲེལ་མིན་པའི་ཚོགས་པ་ཆེ་ཤོས་ཤིག་དང༌། ད་ལྟའི་ཆར་འཛམ་གླིང་གི་གླིང་ཕྲན་གསུམ་ནང་ས་གནས་ཡན་ལག་ཁག་༥༦ནས་ཁྱོན་ཚོགས་མི་གྲངས་༡༦༠༠༠ལྷག་ཡོད་འདུག་ལ། ཚོགས་པ་དེར་མ་དངུལ་ཧིན་སྒོར་འབུམ་༡༣༨ ཙམ་ཡོད་ལུགས་དེ་རིང་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།