བོད་རང་བཙན་ཆེད་ཆུ་ལ་མཆོངས་ནས་འདས་གྲོངས་སུ་ཕྱིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༡༠ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན་གྱི་དགོང་མོར་རྒྱ་གར་གྱི་གྲོང་ཁྱེར་ཀཱ་ལི་ཀཱ་ཏཱར་གནས་སྡོད་བྱེད་མཁན་བོད་རིགས་མཐོ་རིམ་སློབ་མ་དོན་འགྲུབ་ཕུན་ཚོགས་ལགས་ཀྱིས། བོད་མི་རིགས་དང་རྒྱལ་ཁབ་ཆེད་ཆུ་བོ་གངྒཱའི་ནང་མཆོངས་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད།

ཉེ་བའི་ལོ་འགའ་ནས་བཟུང་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་༣༣ཙམ་གྱིས་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་རིམ་པར་ཐོན་དང་ཐོན་བཞིན་པ་དང༌། ལྷག་པར་ཉེ་ཆར་ཕྱི་ཟླ་༣པའི་ཚེས་༢༦ཉིན་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་ཐོན་མ་ཐག རྒྱ་གར་གྱི་གྲོང་ཁྱེར་ཀཱ་ལི་ཀཱ་ཏཱའི་ནང་ Scottish Church College ཅེས་པའི་མཐོ་རིམ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་དོན་འགྲུབ་ཕུན་ཚོགས་ལགས་ཀྱིས། ཕྱི་ཟླ་༤པའི་ཚེས་༣ཉིན་གྱི་དགོང་མོར་གྲོང་ཁྱེར་ཀཱ་ལི་ཀཱ་ཏཱའི་ནང་ཡོད་པའི་ཧཱ་བྷ་ར་ཞེས་པའི་ལྕགས་ཟམ་ཐོག་ནས་བོད་མི་རིགས་དང་རྒྱལ་ཁབ་ཆེད་ཆུ་བོ་གངྒའི་ནང་མཆོང་ནས་སྐུ་སྲོག་ཤོར་ཡོད་པ་རེད།

ཁོང་ཉིད་ཆུ་བོ་གངྒའི་ནང་མ་མཆོང་པའི་སྔོན་དེར། ཁོང་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རུ་བྷེ་མཁར་རྫི་ཟེར་བ་ཞིག་ལ་ལག་འཁྱེར་ཁ་པར་བརྒྱུད་འཕྲིན་ཐུང་ཞིག་བཏང་ཡོད་འདུག འཕྲིན་ཐུང་དེའི་ནང་༼ལས་དོན་འདི་རང་གཅིག་པུས་བྱ་རྒྱུ་ཡིན་པས་དེ་ང་རང་སྒེར་གྱིས་ཐག་གཅོད་ཡིན། གྲུབ་འབྲས་གང་སོན་དོ་དགོང་བལྟ་ཆོག་གི་རེད། སྐུ་ཉིད་ང་དང་འབྲེལ་བ་ཡོད་ཀྱང་ཁྱེད་རང་སེམས་ཁྲལ་བྱེད་མི་དགོས། ངས་རང་ཉིད་ཀྱི་ལག་ཐོག་ཁ པར་ནང་གི་མིང་གཞུང་ཆ་ཚང་མེད་པར་བཟོ་རྒྱུ་ཡིན། ང་ལ་ཡིད་ཆེས་གནང་རོགས། ལས་དོན་འདིའི་ཐད་སུ་དང་གང་ལའང་དཀའ་ངལ་ཡོང་གི་མ་རེད། བོད་རང་བཙན་ཡིན།༽ ཞེས་བྲིས་ཡོད་འདུག

གོང་གསལ་འཕྲིན་ཐུང་དེ་འབྱོར་རྗེས། ཁོང་གི་ཕ་མ་དང་གྲོགས་པོ་གྲོགས་མོ་སུས་ཀྱང་ལག་ཐོག་ཁ་པར་བརྒྱུད་ཁོང་ལ་འབྲེལ་བ་རྩ་བ་ནས་བྱེད་མ་ཐུབ་སྟབས། ཚང་མས་དོན་འགྲུབ་ཕུན་ཚོགས་ལགས་འཚོལ་དུ་ཕྱིན་ཡང་མ་རྙེད་ཀྱང༌། ཕྱི་ཟླ་༤པའི ཚེས་༦ཉིན་རྒྱ་གར་ཉེན་རྟོག་པས་དོན་འགྲུབ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་ཆུ་བོ་གངྒཱའི་ནང་ནས་གཞི་ནས་རྙེད་སོན་བྱུང་ནས་ཕྱིར་འཐེན་རྗེས། ཁོང་གི་སྐུ་ལུས་ལ་༼བོད་རང་བཙན་ཡིན་༽ཞེས་བྲིས་ཡོད་པའི་སྟོད་ཐུང་ཞིག་གྱོན་ཡོད་འདུག

དཔའ་བོ་དོན་འགྲུབ་ཕུན་ཚོགས་ལགས་ནི་རྒྱ་གར་གྱི་གྲོང་ཁྱེར་ཀཱ་ལི་ཀཱ་ཏཱའི་ནང་ Scottish Church College ཟེར་བའི་མཐོ་རིམ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་འདུག་པ་དང༌། ཁོང་ནི་རྡོ་རྗེ་གླིང་བོད་མིའི་གཞིས་ཆགས་ནང་སྐྱེས་ནས་འཚར་ལོངས་བྱུང༌། གཞིས་ཆགས་དེའི་གཞི་རིམ་སློབ་གྲྭའི་ནང་སློབ་སྦྱོང་བྱས་ཡོད་འདུག་པ་དང༌། རྗེས་སུ་ཕ་མ་དང་ནང་མི་བཅས་གྲོང་ཁྱེར་ཀཱ་ལི་ཀཱ་ཏའི་ནང་གནས་སྤོ་བྱས་པ་ཞིག་ཡིན་འདུག

དེར་རྟེན་ཁ་སང་ཕྱི་ཚེས་༩ཉིན་གྱི་དགོང་མོར། དྷ་ས་ས་གནས་གཞོན་ནུས་གོ་སྒྲིག་འོག དྷ་ས་མེ་གྷན་རླངས་འཁོར་འབབ་ཚུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་བར་དཔའ་བོ་ཁོང་གི་ཆེད་དུ་གདུང་སེམས་མྱང་ངན་ཞུ་བའི་གཞི་རྒྱ་ཆེའི་མར་མེ་ཁྲོམ་སྐོར་ཞིག་བྱས་སོང་ལ། སྐབས་དེར་དྷ་ས་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། དཔའ་བོ་དོན་འགྲུབ་ཕུན་ཚོགས་ཀྱི་གནས་ཚུལ་དང་ལོ་རྒྱུས་མི་མང་ལ་འགྲེལ་བརྗོད་དང༌། ཁོང་གིས། ༼དེ་སྔོན་དོན་འགྲུབ་ཕུན་ཚོགས་ཀྱིས་རྒྱ་གར་ནང་བོད་དོན་དྲིལ་བསྒྲགས་ཆེད་ལས་འགུལ་སྤེལ་ཕྱོགས་སྐོར་ངོས་ལ་འཕྲིན་ཐུང་དང་ཁ་པར་མང་པོ་སླེབས་མྱོང་ཡོད། ཁོང་དང་དངོས་སུ་ཐུག་མྱོང་མེད་ཀྱང་ཕན་ཚུན་འབྲེལ་བ་བྱས་པའི་བརྒྱུད་རིམ་ཁྲོད་ཁོང་ནི་བོད་རིགས་གཞོན་སྐྱེས་སེམས་ཤུགས་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་༽ཅེས་འགྲེལ་བརྗོད་གནང་སོང༌།

ཡང་དྷ་ས་གནས་གཞོན་ནུའི་ཚོགས་གཞོན་ཚེ་རིང་དབྱངས་ཅན་ལགས་ཀྱིས།༼བོད་རང་བཙན་ཆེད་རང་ལུས་མེ་སྲེག་གཏོང་མཁན་བོད་མི་༣༣ཙམ་བྱུང་རྗེས། དོན་འགྲུབ་ཕུན་ཚོགས་ལགས་ཀྱིས་བོད་རང་བཙན་ཆེད་རང་ཉིད་ཀྱི་ལུས་སྲོག་ཆུང་བོ་གངྒཱར་ཕུལ་ཡོད། ང་ཚོའི་རང་རིགས་གཞོན་སྐྱེས་དཔའ་བོ་ཞིག་གི་ཚེ་སྲོག་འདི་ལྟར་ཤོར་བ་བློ་ཕམ་ཆེ་ཡང༌། ཕྱོགས་གཞན་ཞིག་ནས་བོད་མི་རིགས་དང་རྒྱལ་ཁབ་སླར་གསོ་ཆེད་གཞོན་སྐྱེས་ཚོས་ལུས་སྲོག་ཚུན་ཆད་བློས་བཏང་བར་ང་ཚོ་སྤོབས་པ་སྐྱེ་ཡོང་གི་འདུག་ཅེས་བརྗོད་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།