སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་བཀྲོལ་ཆེད་མཚན་རྟགས་ཁོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༧ཉིན། དེ་རིང་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་བཙོན་འཇུག་བྱས་ནས་མི་ལོ་ཧྲིལ་པོ་༡༠འཁོར་ བར། དངོས་སུ་བཞུགས་སྒར་དྷ་རམ་ས་ལ་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་གི་ནང་ཁོང་གློད་བཀྲོལ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་འདུག

ད་ལྟའི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྲུའུ་ཡུང་ཁཱང་གིས་ཕྱི་ལོ་༡༩༩༩ལོ་ནས་༢༠༠༢ལོ་བར་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས་པའི་རིང་། བོད་མིའི་རིག་གཞུང་དང་ངོ་བོ་སོགས་སྲུང་སྐྱོབ་ཀྱི་ཐད་ལ་ཕྱག་རྗེས་རླབས་ཆེན་བཞག་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་ཁོང་གི་སྤུན་མཆེད་བློ་བཟང་དོན་འགྲུབ་གཉིས་ཉེས་མེད་བསྙོན་འཛུགས་ཀྱིས་འཛིན་བཟུང་བྱས་ཏེ། བློ་བཟང་དོན་འགྲུབ་ལགས་དེ་མ་ཐག་སྲོག་ཐོག་བཏང་བ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ད་ལྟ་ཚེ་བཙོན་དུ་ཡོད་པ་མ་ཟད། ཁོང་ལ་སྙིང་གི་ན་ཚ་ཕོག་པ་སོགས་ཀྱིས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོར་གྱུར་ཡོད་པར་བརྟེན། བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དེ་རིང་བཞུགས་སྒར་དྷ་རམ་ས་ལ་ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་ཁག དེ་བཞིན་ཨ་རི་དང་ཁ་ན་ཌ་སོགས་སློབ་ཕྲུག་ཚོགས་པའི་ཚོགས་མི་ཡོད་སའི་རྒྱལ་ཁབ་ཁག་ཚང་མའི་ནང་ཤོག་ཐོག་ནས་མཚན་རྟགས་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། དེ་བཞིན་དྲ་རྒྱ་www.freetenzin.org དང་ཡང་ན་www.studentsforafreetibet.orgབརྒྱུད་དེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་མྱུར་ཏུ་གློད་བཀྲོལ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་འདུག

བོད་རང་དབང་སློབ་ཕྲུག་ཚོགས་པའི་བསྒྲགས་གཏམ་གྱི་ནང་དུ་འཁོད་དོན། ཕྱི་ལོ་༢༠༠༢ཟླ་༤པར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་དང་ཁོང་གི་སྤུན་མཆེད་བློ་བཟང་དོན་གྲུབ་གཉིས་འབར་རྫས་འགས་གཏོར་གྱི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཡོད། ཕྱི་ལོ་༢༠༠༢ཟླ་༡༢པའི་ཚེས་༢ཉིན། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་ལོ་གཉིས་ཀྱི་ཕྱིར་འགྱངས་དུས་ཡུན་ཐོག་སྲོག་ཁྲིམས་བཅད་པ་མ་ཟད། ཁོང་གི་སྤུན་མཆེད་བློ་བཟང་དོན་གྲུབ་ལའང་སྲོག་ཁྲིམས་བཅད་ནས་དེ་མ་ཐག་སྲོག་ཐོག་བཏང་ཡོིད། ལོ་གཉིས་རིང་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་དང་ས་ཕྱོགས་གང་སར་གནས་པའི་མི་མང་སྟོང་ཕྲག་མང་པོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཆེད་དུ་ལས་འགུལ་ཤུགས་ཆེར་སྤེལ་བ་ལ་བརྟེན་ནས། ཕྱི་ལོ་༢༠༠༥ཟླ་༡ཚེས་༢༦ཉིན། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཉེས་ཆད་དེ་སྲོག་ཁྲིམས་ནས་ཚེ་བཙོན་གྱི་ངོ་བོར་བསྒྱུར་དགོས་བྱུང་ཡོད་ཅེས་འཁོད་འདུག

དེ་ཡང་ལས་འགུལ་གྱི་དགོས་དམིགས་སོགས་ཀྱི་སྐོར་ལ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། དེ་རིང་ང་ཚོས་ཤོག་བུའི་ཐོག་མཚན་རྟགས་བསྐྱོན་པའི་ལས་འགུལ་དེ་དངོས་སུ་འགྲོ་བཞིན་པ་དང་།  དེ་མ་ཡིན་པའི་ང་ཚོས་དྲ་རྒྱ་བརྒྱུད་ནས་ཡང་མཚན་རྟགས་བསྡུ་རུབ་བྱེད་ཀྱིན་ཡོད་ལ། ད་ལྟའི་ཆར་དྲ་རྒྱ་བརྒྱུད་ནས་མཚན་རྟགས་ཁྲི་༥མ་ཟིན་ཙམ་ཞིག་བསྡུ་རུབ་བྱེད་ཐུབ་ཡོད། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་དམིགས་བསལ་གྱིས་དེ་རིང་སྤེལ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ཚེ་བཙོན་དུ་བཅུག་ནས་དེ་རིང་གིས་ལོ་༡༠ཆགས་ཀྱི་ཡོད་དུས། ང་ཚོའི་ངོས་ནས་དམིགས་བསལ་གྱིས་དེ་རིང་གི་ཉིན་མོ་འདིར་ཁོང་གློད་བཀྲོལ་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་གོ་སྒྲིག་བྱས་པ་ཡིན་ཞེས་དང་།

ཡང་ཁོང་གིས། ང་ཚོས་མཚན་རྟགས་བསྡུ་རུབ་བྱས་རྗེས་རྒྱ་ནག་གི་སྲིད་ཁྲིམས་དཔོན་པོ་ཀྲུའུ་ཡུང་ཁཱང་ལ་དྲ་རྒྱ་བརྒྱུད་དེ་ཞུ་གཏུག་གི་མཚན་རྟགས་ཆ་ཚང་སྤྲོད་རྒྱུ་ཡིན། གང་ཡིན་ཟེར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྤུན་མཆེད་གཉིས་འཛིན་བཟུང་བྱེད་སྐབས། ཀྲུའུ་ཡུང་ཁཱང་ཁོ་རང་སི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་དྲུང་ཆེ་ཡིན་པ་རེད་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།