རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་དགོས་པ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ༦པའི་ཚེས་༢༩ཉིན་སྤེལ། རྒྱ་གར་རི་སྐྱེས་སྲོག་ཆགས་ཐེབས་རྩ་ཚོགས་པ་དང་རྒྱལ་སྤྱིའི་རི་དྭགས་བྱམས་སྐྱོང་རོགས་ཚོགས། དེ་བཞིན་བོད་མིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྟོགས་སེལ་ལས་འགུལ་ཁང་བཅས་ཀྱི་བཀོད་སྒྲིག་འོག ཟླ་འདིའི་ཚེས༢༩ཉིན་དྷ་སྟེང་བོད་ཁྱིམ་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་ཐད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང༌། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལས་འགུལ་གྱི་མཛད་སྒོའི་ཐོག་གདན་འབོད་ཞུས་ཡོད་འདུག རྒྱལ་བ་ཀརྨ་པ་མཆོག་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་དགོས་ལུགས་སྐོར་ལ་བཀའ་སློབ་བསྩལ་དོན། རི་སྐྱེས་སྲོག་ཆགས་ནི་ང་ཚོའི་དགྲ་བོ་མ་ཡིན་ཞིང༌། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་གྱིས་འཚོ་བཞིན་ཡོད་པ་རེད། སྲིན་འབུ་ཆུང་ཆུང་ཞིག་ཡིན་ནའང༌། སྐྱེས་ཁམས་ཁོར་ཡུག་ཁྲོད་ཁོ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ནུས་འདོན་ཐུབ། གལ་སྲིད་སྲོག་ཆགས་རིགས་གཅིག་ལ་གནོད་སྐྱོན་ཐེབས་ཚེ། འཛམ་གླིང་གི་སྐྱེས་ཁམས་དོ་མཉམ་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད། ནང་བ་སངས་རྒྱས་པའི་ལྟ་གྲུབ་ལྟར་ན། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་མ་རུ་སྐྱེས་མ་མྱོང་མཁན་གཅིག་ཀྱང་མེད། དེ་བས་འཚེ་བ་སྤངས་ཏེ་ཕན་པའི་ལས་སྒྲུབ་དགོས་ཞེས་བརྗོད་དུས་རི་སྐྱེས་སྲོག་ཆགས་རྣམས་ཀྱང་དེའི་ཁོངས་སུ་ཚུད་ཡོད་མོད། ང་ཚོས་གཞི་རྩའི་བདེན་པ་དེར་སྣང་འཇོག་ཤུགས་ཆེན་བྱེད་ཀྱིན་མི་འདུག མི་ཁ་ཤས་ཤིག་གིས་རང་བྱུང་ཁོར་ཡུག་ནི་ཧ་ཅང་རྒྱ་ཆེ་སྟབས་གང་ཟག་སྒེར་ངོས་ཀྱི་མི་དགེ་བའི་སྤྱོད་ལམ་གྱིས་ཤུགས་རྐྱེན་ངན་པ་སྤྲོད་མི་ཐུབ་བསམ་གྱིན་ཡོད་མོད། དེ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་རེད། དགེ་སྐྱོན་གྱི་ལས་ཅི་སྒྲུབ་གང་ཟག་སོ་སོའི་ནང་སེམས་ཀྱི་རང་གཤིས་ལ་རག་ལས་ཡོད་ལ། སེམས་ཅན་གཞན་གི་ཚེ་སྲོག་དང་རིན་ཐང་ལ་བརྩི་འཇོག་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུང་ཡོད་འདུག

རྒྱལ་སྤྱིའི་རི་དྭགས་བྱམས་སྐྱོང་རོགས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་བྷར་བྷ་ར་ལགས་ཀྱིས་བརྗོད་དོན། ནང་བའི་ལྟ་གྲུབ་ཀྱི་གཞི་རྩའི་སྙིང་བོ་ནི་བྱམས་སྙིང་རྗེ་ཡིན་ཞིང༌། རི་སྐྱེས་སྲོག་ཆགས་ཀྱི་པགས་པ་དང་གཟུགས་པོའི་ཆ་ཤས་སམ་ཡན་ལག་གི་སླད་དོན་དུ་སྲོག་གཅོད་པ་ནི་འཚེ་བའི་ལས་ཤིག་རེད་ལ། འཚེ་བའི་ལས་འདིའི་མཇུག་འབྲས་ཀྱིས་གང་ཟག་སྒེར་གྱི་ལས་དབང་དང༌། ལྷག་དོན་དུ་སྐྱེས་དགུ་ཡོད་དོ་ཅོག་ལ་གནོད་སྐྱོན་སྤྲོད་ངེས་རེད། འགྲོ་བ་མིའི་སྡུག་རྩུབ་ཀྱི་སྤྱོད་ལམ་གྱི་དབང་གིས། རི་སྐྱེས་སྲོག་ཆགས་མང་པོ་རྩ་སྟོང་དུ་འགྲོ་བའི་ཚད་ཉེ་བའི་དུས་རབས་ནང་ཇེ་མགྱོགས་སུ་ཕྱིན་ཡོད་འདུག ། རི་སྐྱེས་སྲོག་ཆགས་དང་འགྲོ་བ་མིའི་རིགས་ཚང་མ་རང་བྱུང་ཁམས་ཀྱི་ཆ་ཤས་ཡིན་སྟབས། གལ་སྲིད་རི་སྐྱེས་སྲོག་ཆགས་ཚང་མ་རྩ་སྟོང་དུ་གྱུར་ཚེ། ང་ཚོ་འགྲོ་བ་མིའི་རིགས་ལ་ཆགས་སྒོ་ཆེན་པོ་ཐེབས་ངེས་ཡིན། ཞེས་གསུང་སོང༌།

བོད་མིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྟོགས་སེལ་ལས་འགུལ་ཁང་ནི་ཕྱི་ལོ༢༠༠༥ལོའི་ཟླ་༤པའི་ཚེས་༦ཉིན་ྋགོང་ས་མཆོག་གིས་གསར་དུ་དབུ་འབྱེད་གནང་བའི་ཚོགས་པ་ཞིག་ཡིན་ཞིང༌། ཚོགས་པ་འདིས་བོད་རིགས་སྤྱི་ཚོགས་ནང་པགས་གོས་གྱོན་པ་དང༌། རི་སྐྱེས་སྲོག་ཆགས་ཀྱི་གཟུགས་པོའི་ཆ་ཤས་རྣམས་སྨན་སྦྱོར་ནང་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཉེས་སྐྱོན་དག་གཙང་སེལ་བྱེད་པར་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་འདུག

ཕྱི་ལོ༢༠༠༦ལོའི་དུས་འཁོར་དབང་ཆེན་གྱི་སྐབས་སུ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིདྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རི་སྐྱེས་སྲོག་ཆགས་ཀྱི་པགས་གོས་དང་རྒྱན་ཆ་སྤྲས་པ་མཚམས་འཇོག་བྱེད་དགོས་ལུགས་ཀྱི་བཀའ་སློབ་ལམ་སྟོན་ཕེབས་མ་ཐག བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ཡོད་དགུས་གཅན་གཟན་གྱི་པགས་རིགས་མེ་བསྲེགས་གཏོང་བའི་བྱ་འགུལ་སྤེལ་ཡོད་པ་རེད།

འདས་པའི་ལོ་འདི་དག་གི་ནང་བོད་མིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྟོགས་སེལ་ལས་འགུལ་ཁང་གིས་རྒྱ་གར་དང་བལ་ཡུལ་གཉིས་ནང་གི་བོད་མི་གཞིས་སྒར་ཁག༥༣དང༌། སློབ་གྲྭ་ཁག་༦༨། དེ་བཞིན་དུ་དགོན་སྡེ་ཁག་༡༠༦ནང་ཆེད་བསྐྱོད་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་ཤེས་བྱ་དང་གོ་རྟོགས་སྤེལ་ཏེ་ལས་དོན་རླབས་ཆེན་སྒྲུབ་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
དངོས་གནས་རེད་སྐྱབས་སུ་མཆི། བློ་བཟང༌།



བརྗོད་གཞི་གཞན་ཁག་ལ་གཟིགས།