འཆི་མེད་དགའ་ཚལ་གླིང་དུ་བཀའ་བརྒྱད་ཀྱི་བཀའ་དབང་དབུ་འཛུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༤ཉིན། ཁམས་སྤྲུལ་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབ་པ་བཞིན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉེ་འགྲམ་ཁམས་སྤྲུལ་རིན་པོ་ཆེའི་དགོན་པ་འཆི་མེད་དགའ་ཚལ་གླིང་དུ། དེ་རིང་ཉིན་གུང་ཆུ་ཚོད་༡༢ཙམ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བརྒྱད་ཀྱི་བཀའ་དབང་དབུ་འཛུགས་གནང་ཡོད་པ་རེད།

དེ་རིང་ཕྱི་ཚེས་༤དང་སང་ཉིན་༥བཅས་ཉིན་གཉིས་རིང་མགོན་པོ་གང་ཉིད་ནས་འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་བརྒྱད་ཀྱི་བཀའ་དབང་སྩོལ་རྒྱུ་དང༌། ཕྱི་ཚེས་༦ཉིན་གྱི་སྔ་དྲོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

ཟླ་འདིའི་ཕྱི་ཚེས་༡དང་༢དེ་བཞིན་༣བཅས་ཉིན་གྲངས་གསུམ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གུ་རུའི་གནས་མཆོག་མཚོ་པདྨར་ཡོད་པའི་འཛི་སྒར་ཨོ་རྒྱན་ཆོས་འཁོར་གླིང་དགོན་དང་ཟངས་མདོག་དཔལ་རིའི་ཕོ་བྲང་བརྟེན་དང་རྟེན་པ་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་དང༌། དེ་བཞིན་སྔོན་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་མི་མང་ལ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་སྩལ་བ་སོགས་གནས་དེར་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས། ཁ་སང་ཕྱི་ཚེས་༣ཉིན་གྱི་ཕྱི་དྲོར་ཕྱིར་འཆི་མེད་དགའ་ཚལ་གླིང་དུ་ཞབས་སོ་འཁོད་པ་ཞིག་རེད།

དེ་རིང་བཀའ་བརྒྱད་ཀྱི་བཀའ་དབང་སྟ་གོན་མ་གནང་བའི་སྔོན་དེར་མགོན་པོ་གང་ཉིད་ཀྱིས་དད་ལྡན་ཆོས་ཞུ་བ་སེར་སྐྱ་སྟོང་ཕྲག་འགའ་ཤས་ལ་བཀའ་སློབ་དང་གསུང་བཤད་གནང་དོན། རིན་པོ་ཆེ་ནི་སྐུ་ཚེ་མང་པོ་ཞིག་གི་རིང་ལ་༧རྒྱལ་དབང་གོང་མ་ཚོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་གསལ་པོ་རེད། དགུང་ལོ་ནི་ཡར་གང་འཚམ་ཕེབས་ནས་སྐུ་གཟུགས་སྐྱོ་པོ་རེད། དེ་རིང་འདིར་བཀའ་བརྒྱད་ཀྱི་དབང་གོ་སྐབས་བྱུང་བ་དེ་ཞེ་དྲག་དགའ་པོ་བྱུང༌། ང་རང་ངོས་ནས་སྐལ་བ་བཟང་པོ་བྱུང༌།

དེ་རིང་འདིར་ཆོས་ཞུ་བ་རྐང་རིན་པོ་ཆེའི་སློབ་མ་གྲས་ཐའེ་ཝན་དེ་ཚོ་ནས་གང་འཚམ་ཡོད་ས་རེད། དེ་དང་དེ་འདྲ་བའི་ཡུལ་ལུང་འདྲ་མིན་ནས་ཁ་ཤས་ཁ་ཤས་དེ་འདྲ་ཡོད་པ་རེད། ཆ་རྐྱེན་ངས་བཀའ་ཆོས་བྱེད་པའི་སྐབས་སུ་ཡོང་མཁན་ཁྱེད་རང་ཚོ་མང་པོ་ཞིག་འཛོམས་འདུག ཕྱོགས་གཅིག་ནི་ང་ཚོ་དུས་ཚོད་ཐབས་སྐྱོ་པོ་ཞིག་ཆགས་ནས་ང་ཚོ་ད་ལྟ་བཙན་བྱོལ་བ་བྱས་ནས་བསྡད་ཡོད་པ་རེད། བཙན་བྱོལ་བ་ཞིག་གི་ངོས་ནས་བཤད་ན་སྐྱབས་མེད་མགོན་པོ་ལྟ་བུ་ཞིག་རེད།

ཐོག་མར་ང་ཚོ་རྒྱ་གར་ལ་འབྱོར་བའི་སྐབས་སུ་ངོ་ཤེས་པ་ས་དང་གནམ་མ་གཏོགས་ཡོད་པ་མ་རེད། འོན་ཀྱང་གཙོ་བོ་གཙོ་བོ་ང་རང་ཚོ་ཚང་མས་ལྷག་བསམ་རྣམ་དག་ཐོག མངོན་ལྐོག་གི་ངོ་བོ་མེད་པ། དྲང་པོ་དྲང་ཤག་བྱས་ནས་བསྡད་པ་རེད། གཙོ་ཆེ་ཤོས་ང་རང་ཚོའི་ཕ་མེས་ནས། མེས་པོ་ཚོའི་ཕྱག་རྗེས་སངས་རྒྱས་ཀྱི་ཆོས། དེ་ཡང་བླ་མ་གཅིག་དང་ཆོས་བརྒྱུད་གཅིག་མ་ཡིན་པ། དཔལ་ནཱ་ལནྜའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་བོད་གངས་ཅན་ལྗོངས་ལ་ཚུགས། དེ་འདྲའི་སངས་རྒྱས་ཀྱི་ཆོས་དེ་དད་པ་གཅིག་པུའི་ཐོག་ནས་ཡིད་ཆེས་བྱས་ནས་འགྲོ་བསྡད་པ་ཞིག་མ་ཡིན་པ། རིག་པའི་སྒོ་ནས་གཏན་ལ་ཕབ་པའི་དཔལ་ནཱ་ལནྜའི་མཁས་པའི་དབང་པོ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་གཞི་དངོས་པོའི་གནས་ཚུལ་ཟེར་བ་ཞིག་གསུངས། གཞི་དངོས་པོ་གནས་ཚུལ་དེ་དང་འབྲེལ་བའི་ལམ་བགྲོད་པའི་རིམ་པ་ཟེར་བ་ཞིག་གསུངས།

དེ་ལྟ་བུའི་ལམ་ལ་བགྲོད་ནས་མཐར་འབྲས་བུ་ཐོབ་རྒྱུ་ཡོད་པ་ཞིག འབྲས་བུ་མངོན་དུ་གྱུར་བ་ཟེར་བ་ཞིག་གསུངས་ནས། གོ་རིམ་དེ་འདྲ་ཞིག་སྒྲིག་ནས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་གནང་ཡོང་དུས། དེ་རིང་ཁ་སངས་འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་ཀྱི་ཆོས་ཟེར་དུས། དད་ལ་གཅིག་པུའི་ཐོག་ནས་འགྲོ་ཡ་མིན་པ་རིག་པའི་ཐོག་ནས་ངོ་འཕྲོད་པ། མྱོང་བ་ལ་བརྟགས་ནས་ངོ་འཕྲོད་ཡ་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་ཞིག་སངས་རྒྱས་ཀྱི་ཆོས་ནས་མར་འགྲེལ་བཤད་རྒྱག་ཡོང་དུས་མི་འདྲ་བ་ཞིག་འདུག་ཨ།

དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་ཀྱི་ཆོས་ལ། ཆོས་མེད་མཁན་མི་དེ་ཚོས་ཀྱིས་ཀྱང་བསམ་བློ་མང་པོ་གཏོང་ནས་དོ་སྣང་བྱེད་ཀྱིན་ཡོད་པ་རེད། སྐྱེ་བ་ཕྱི་མར་སྐྱབས་ཆེད་དང་སྐྱེ་བ་ཕྱི་མར་བདེ་བའི་ཆེད་དུ་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱས་པ་ཞིག་མ་རེད། དཔལ་ནཱ་ལནྜ་ནས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཆ་ཚང་བ་ཞིག་བོད་ལ་ཚུར་འགྱུར་ནས། བོད་པའི་ཚུར་འགྱུར་ནས་སོ་སོའི་སྐད་ཡིག་ནང་ལ་བསྟན་པ་ཡོངས་སུ་རྫོགས་པ་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་ཐུབ་པ་དང༌། འགྲེལ་བཤད་རྒྱག་ཡ་ཡོད་པ་ཞིག་ཡོད་པ་རེད།

དེར་བརྟེན་ང་རང་ཚོ་བོད་ཀྱི་མེས་པོ་དེ་ཚོ་ཧ་ལས་པའི་རླབས་ཆེན་པོ་རེད་འདུག ང་ཚོ་མེས་པོ་དེ་དག་གི་རྗེས་འཛིན་པ་རེད། ད་ལྟ་དངོས་ཡོད་གནས་ཚུལ་ལ་ཡུལ་གྲུ་འདྲ་མིན་མང་པོ་ཞིག་ནས་དོ་སྣང་ཞིག་སླེབས་ཀྱི་ཡོད་པ་རེད། རྨོང་དད་བྱེད་ནས་ཡོང་བ་ཁ་ཤས་ཁ་ཤས་ཡོད་ཀྱི་རེད། རིགས་གཅིག་དེ་རྨོང་དད་སྐད་ཆ་མ་རེད། ཞིབ་འཇུག་བྱེད་ནས། བརྟག་དཔྱད་བྱེད་ནས་དེ་འདྲའི་ཐོག་ནས་དོ་སྣང་སླེབས་ཀྱི་ཡོད་པ་རེད།

དེ་རིང་ཁ་སང་ཕ་ཕྱོགས་དེར་རྒྱ་གུང་ཁྲན་ཏང་གིས་ཆོས་ཞེས་ལབ་དུས། སྤྱིར་ཆོས་ཟེར་བ་དེ་དུག་རེད། ཡང་དགོས་བོད་ལ་ཡོད་པའི་ཆོས་དེ་བོད་སྤྱི་ཚོགས་ཡར་རྒྱས་མ་ཕྱིན་པ་ཧ་ཅང་སྐྱོ་པོ་ཞིག་ཆགས་པ་དེ་ཆོས་ཀྱིས་བྱས་པ་རེད་ཅེས་སྐྱོན་འབའ་ཞིག་ལ་བལྟ་བཞིན་ཡོད་པ་རེད། འོན་ཀྱང་ཚུར་ཕྱོགས་དེར་བློ་གཟུར་པོ་གནས་པའི་གནམ་དཔྱོད་ཅན་གྱི་མི་མང་པོ་ཞིག་གིས། སངས་རྒྱས་ཀྱི་ཆོས་ཟེར་དུས། དེར་བསམ་བློ་གཏོང་ཡ་ཡོད་པ་ཞིག་མཐོང་ནས་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༥༢༠༡༢༠༦༣༥
ཁམས་སྤྲུལ་རིན་པོ་ཟེར་ནས་གང་བྱུང་མང་བྱུང་བྱེད་གི་འདུག འདི་རིགས་ད་ལྟ་ནས་མ་བཀག་ཡིན་ན་མ་འོང་པར་བོད་ནང་ཕན་མི་ཐུན་ཆེ་རུ་འགྲོ་རྒྱུ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།