སུ་ཇཱ་སློབ་གྲྭའི་སློབ་མ་ཚོས་ཉིན་༣རིང་ཟས་བཅད་ངོ་རྒོལ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༤ཚེས་༣ཉིན། སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་སློབ་མ་༦༠ཡིས་སློབ་གྲྭའི་རྒྱུན་ལྡན་གྱི་སྒྲིག་གཞི་བརྩི་སྲུང་བྱས་ཐོག་ཉིན་གྲངས་གསུམ་རིང་ཟས་བཅད་ངོ་རྒོལ་སོགས་བོད་དོན་དང་འབྲེལ་བའི་ལས་འགུལ་རིགས་རིམ་པར་སྤེལ་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་༢ཉིན་ནས་ཉིན་གྲངས་༣རིང་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་༦༠ཡིས་མ་སྐུལ་དང་བླངས་ཀྱི་ཐོག་ནས་རྒྱུན་ལྡན་གྱི་སློབ་གྲྭའི་སྒྲིག་གཞི་ཁག་བརྩི་སྲུང་བྱས་ཐོག ༼ཉིན་༣རིང་གི་སློབ་མའི་ཟས་བཅད་ངོ་རྒོལ་༽ཞེས་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་མ་ཟད། ཉིན་གུང་གི་ཟ་མ་ཟ་བའི་དུས་ཚོད་སོགས་བེད་སྤྱད་ནས་བོད་དོན་བགྲོ་གླེང་དང་། དེ་བཞིན་འཛིན་གྲྭ་༡༠པས་སྣེ་འཁྲིད་དེ་སློབ་མ་ཕོ་མོ་༢༠༠ལྷག་གིས་སྐྲ་དབྲེག་པ་དང་། འཛིན་གྲྭ་༨དང་༩པའི་སློབ་མ་ཚོས་དུས་ཡུན་ངེས་མེད་ཀྱིས་དཔུང་རིས་ནག་པོ་དཀྲིས་པ་སོགས། བོད་མི་རིགས་ཀྱི་རང་དབང་དང་དྲང་བདེན་གྱི་ཆེད་དུ་རྒྱ་གཞུང་གི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་སྤུན་ཟླ་ཚོ་དང་། ལྷག་པར་དུ་རང་སྲོག་བློས་བཏང་བའི་སྤུན་ཟླ་ཚོར་མྱ་ངན་དང་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད། སློབ་མ་ཚོས་རང་འགུལ་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་འདུག

འདི་ག་གསར་ཁང་ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་དགེ་འདུན་ཚེ་རིང་ལགས་ཀྱིས། ཟས་བཅད་ངོ་རྒོལ་བྱེད་མཁན་གྱི་སློབ་མ་ཚོའི་གཟུགས་པོའི་གནས་སྟངས་དང་ལས་འགུལ་ཀྱི་དགོས་དམིགས་སོགས་འགྲེལ་བརྗོད་གནང་དོན། ང་ཚོའི་ཟས་བཅད་ངོ་རྒོལ་འདི་གཞན་དང་མ་འདྲ་བ་ཞིག་ཆགས་བསྡད་ཡོད། གང་ཡིན་ཟེར་ན། ཟས་བཅད་ངོ་རྒོལ་བ་ཚང་མ་སློབ་མ་ཡིན་དུས་སློབ་གྲྭའི་རྒྱུན་ལྡན་གྱི་སྒྲིག་གཞི་དཔེར་ན། ནང་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སློབ་སྦྱོང་དང་སློབ་གྲྭའི་བྱ་འགུལ་ཚང་མར་དུས་ལྟར་མཉམ་ཞུགས་བྱེད་དགོས་པ་སོགས་ཀྱིས། ཟས་བཅད་ངོ་རྒོལ་བ་ཚོ་མགོ་ཡུ་འཁོར་བ་དང་ཐང་ཆད་པ་སོགས་གཟུགས་པོའི་གནས་སྟངས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག

ཡིན་ནའང་། ང་ཚོས་སོ་སོའི་ལུས་ཀྱི་དཀའ་ངལ་ཙམ་ལ་མ་འཛེམས་པར་བོད་མི་རིགས་ཀྱི་ཆེད་དུ་མནར་གཅོད་སྡུག་སྦྱོང་དང་རང་སྲོག་ལུས་བློས་བཏང་བའི་སྤུན་ཟླ་ཚོར། ང་ཚོ་ནམ་ཡང་ཁྱེད་ཚོའི་རྒྱབ་ཏུ་ཡོད་ཅེས་བོད་མི་རྩམ་ཟན་ཡོད་དོ་ཅོག་ནས་དཀའ་སྡུག་མཉམ་མྱོང་བྱེད་པའི་སེམས་ཚོར་དྲག་པོ་ཙམ་མཚོན་ཆེད་ལས་འགུལ་འདི་སྤེལ་བ་ཡིན་ཞེས་སོགས་བརྗོད་སོང་།

སུ་ཇཱ་བོད་ཁྱིམ་གྱི་ཉིན་གྲངས་༣རིང་གི་ཟས་བཅད་ངོ་རྒོལ་དེ་ཟླ་འདིའི་ཕྱི་ཚེས་༤ཉིན་སློབ་གྲྭའི་ཚོགས་ཁང་དུ་མཇུག་བསྡུ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།