ཧུའུ་ལ་སྐུ་ཕུང་བསྲེགས་པའི་དུ་བ་ཡིས་སྐྱེལ་མ་གནང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༣༠ཉིན། དེ་རིང་ཞོགས་པ་ཆུ་ཚོད་༨དང་ཕྱེད་ཀ་ཡོལ་ཙམ་ལ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གདན་འདྲེན་གྱིས་བོད་གཞུང་མང་གཉིས་ནས་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་དང་སྐུ་ཕུང་ཞུགས་འབུལ་གནང་སོང་།

དེ་རིང་ཞོགས་པ་ཆུ་ཚོད་༨དང་ཕྱེད་ཀ་ཡོལ་ཙམ་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་པ། སློབ་གྲྭ་ཁག་གི་སློབ་མ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་མང་སྟོང་ཕྲག་༤ཡས་མས་འདུ་འཛོམས་ཀྱིས། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་གཙོས་པའི་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་བཏང་བའི་སེར་སྐྱ་ཡོངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་དང་སྐུ་ཕུང་ཞུགས་འབུལ་གནང་སོང་།

སྐབས་དེར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་སྐུ་ཕུང་ཞུགས་འབུལ་གྱི་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཐག་ཆོད་པ་དང་ཚོར་བ་རྣོན་པོའི་ཐོག་ནས་ཞུ་འདོད་པ་ཞིག་ནི། ཕོ་གསར་དགུང་ལོ་༢༧ཡིན་པ་སོ་སོའི་རྒྱལ་ཁབ་དང་དབུ་ཁྲིད་ལ་བླ་ན་མེད་པའི་དད་པ་དང་ཡིད་ཆེས་ཡོད་པ། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ག་རེ་ཡིན་ན་བློ་གཏོང་བྱེད་ཐུབ་མཁན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ནང་ལོགས་ནས་འབུར་དུ་ཐོན་པའི་དང་བླངས་པ་ང་ཚོར་དགོས་མཁོ་ཆེ་བའི་མི་སྣ་ཞིག་འདི་ལྟར་སྐུ་སྲོག་ཤོར་བར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཧ་ཅང་བཟོད་དུ་མེད་པའི་བློ་ཕམ་ཆེན་པོ་ཡོད་ལ། རྒྱལ་གཅེས་དཔའ་བོ་ཁོང་གི་ཤུལ་དུ་ལུས་པའི་ཨ་མ་རྒྱ་མཚོ་ལྷ་མོ་ལགས་དང་ཕུ་ནུ་གཉེན་འབྲེལ་ཡོངས་ལ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སེམས་ཚོར་དྲག་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ཅེས་དང་།

ཁོང་གིས་མུ་མཐུད་དུ། ཡིན་ནའང་། གཅིག་བྱས་ན་ང་ཚོས་དགའ་སྤོབས་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད། ག་རེ་བྱས་ནས་དགའ་བ་སྒོམ་དགོས་པ་དང་སྤོབས་པ་སྐྱེས་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེ་ན། འཛམ་གླིང་འདིའི་ནང་གི་དམར་ཤོག་གི་རྒྱལ་ཁབ་དྲག་གནོན་ཆེ་ཤོས་བྱེད་མཁན། མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་མཁན་གྱི་རྒྱལ་ཁབ་ཅིག་གི་འོག་ཏུ་མི་འབོར་ཡ་ས་དྲུག་ཙམ་ལས་མེད་པའི་ང་ཚོའི་རྒྱལ་ཁབ་འདི་ཚུད་པ་རེད་དེ། བོད་མི་ས་ཡ་དྲུག་གི་སྙིང་སྟོབས་མ་ཉམས་པར་འཐབ་རྩོད་བྱེད་པའི་སྤོབས་པ་ཡོད་ལ། འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ལོགས་སུ་འདི་འདྲའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཡོད་པ་ང་ཚོའི་སྟོབས་ཤུགས་ཤིག་ལ་ངེས་པར་དུ་ངོས་འཛིན་གནང་དགོས། དེ་རིང་འདྲ་བོ་ཞིག་ལ་ཆ་བཞག་པ་ཡིན་ནའང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དགའ་བ་དང་སྤོབས་པ་ཆེན་པོ་སྐྱེས་དགོས་པ་ཞིག་ལ། ང་ཚོས་ཆེས་བཀུར་བར་འོས་པའི་བོད་གཞུང་གི་དབུ་ཁྲིད་རྣམ་པ་དང་ལྷན་དུ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མཉམ་རུབ་ཀྱི་སྡིངས་ཆ་འདི་འདྲ་ཞིག་རག་པ་དེ། དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་བློས་གཏོང་གི་བརྒྱུད་རིམ་ནང་ལོགས་ཀྱི་འཐབ་རྩོད་ཀྱི་མདུན་སྐྱོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

བཀའ་བློན་ཁྲི་པ་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་བྱུང་བར་བརྟེན། སྐུ་ཕུང་ཞུགས་འབུལ་གྱི་འདུ་ཚོགས་སྐབས་དངོས་སུ་ཕེབས་ཐུབ་མེད་ཀྱང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས་ཀྱིས་ཁོང་གི་ཚབ་ཞུས་ཏེ་གསུང་བཤད་གནང་བ་དང་།   དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མྱ་ངན་འདུ་ཚོགས་དང་འབྲེལ་བའི་གསུང་བཤད་གནང་དོན། དངོས་གནས་བྱས་ན། རྒྱལ་ཁབ་གཅིག་གི་སྲིད་འཛིན་ཕེབས་སྐབས་སྤོབས་པ་ལྡན་པ་དང་མི་མང་གིས་དགའ་བསུ་ཞུ་བའི་གནས་སྟངས་ཤིག་ཆགས་ཡོད་པས། རྒྱལ་ཁབ་གཞན་དག་གི་སྲིད་འཛིན་ཕེབས་སྐབས་སྤོབས་པ་ཆེན་པོའི་ཐོག་ནས་ཕེབས་ཀྱི་ཡོད། འོན་ཀྱང་།  རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ངོ་གནོང་དགོས་པ་དང་རྐུན་མ་ནང་བཞིན་ཡོང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད།  ཁོ་ཡོང་སྐབས་མེ་ལྕེ་ཡིས་བསུ་མ་བྱས་ཡོད་ལ། ཕྱིར་ལོག་སྐབས་ཕུང་པོ་གཉིས་མེར་བསྲེགས་བཏང་བའི་དུ་བ་ཡིས་སྐྱེལ་མ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ཅེས་སོགས་གསུངས་སོང་།

གསུང་བཤད་གྲུབ་རྗེས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ཚོགས་པ་ཁག་གི་འཐུས་མི་བཅས་ཀྱིས་དམ་པ་ཁོང་གི་པུར་སྒམ་ལ་མཇལ་དར་བསྒྲོན་པ་དང་། དེ་ནས་རྒྱ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་མེག་གྷན་དུར་ཁྲོད་དུ་གདན་འདྲེན་བྱས་ཏེ་ཞུགས་འབུལ་གནང་ཡོད་པ་རེད།

གཞན་ཡང་། དེ་རིང་ཕྱི་དྲོ་ཆུ་ཚོད་༢པ་ཐོག ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཁ་སང་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་པ་དགེ་འདུན་བློ་བཟང་ཤེས་རབ་ལགས་ཀྱི་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཚོགས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།