བཀའ་བཞིན་བསྒྲུབས་པའི་ཆོས་ལས་ལྷག་པ་ཞིག་ཡོད་པ་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེསད་༢༩ཉིན། དེ་རིང་སྔ་དྲོ་རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་རཱ་ཇི་པུ་ས་སྐྱའི་ཆོས་ཚོགས་སུ་༧དཔལ་ས་སྐྱའི་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས། སེར་སྐྱ་མི་མང་སྟོང་ཕྲག་༧ཙམ་ཞིག་ལ་ཚེ་དབང་དང་བཀའ་སློབ་བཀའ་དྲིན་བསྐྱངས་སོང་།

དེ་ཡང་༧དཔལ་ས་སྐྱའི་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་ལོ་ལྟར་ལོ་གསར་རྗེས་དྷེ་ར་རྡུན་ས་གནས་སུ་མི་མང་ལ་ཚེ་དབང་དང་གསུང་ཆོས་ཤིག་གནང་དང་གནང་བཞིན་པ་ལྟར། དེ་རིང་སྔ་དྲོ་རཱ་ཇི་པུ་༧དཔལ་ས་སྐྱའི་ཆོས་ཚོགས་སུ། དྷེ་ར་རྡུན་ཁུལ་དུ་གནས་སྡོད་བོད་མི་དང་། རྒྱ་གར་བ། དེ་བཞིན་མཱ་ལི་ཤེ་ཡ་དང་སིང་གྷ་པུ་སོགས་ནས་ཕེབས་པའི་རྒྱ་རིགས་ཁག་ཅིག གཞན་ཡང་ཕྱི་གླིང་བ་སོགས་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་ཁྱོན་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་༧ལྷག་ཙམ་ཞིག་ལ་ཚེ་དབང་དང་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད་ཡོད།

གང་ཉིད་ཀྱིས། ཚེ་དབང་ཟེར་ན་གང་ལྟར་དབང་དེ་འདྲ་ངས་མར་སྤྲད་རྒྱུ་དེ་འདྲ་གང་ཡང་ཡོད་པ་མ་རེད། འོན་ཀྱང་གཙོ་བོ་གདུལ་བྱ་སེམས་ཅན་རང་ངོས་ནས་དད་པ་དང་དམ་ཚིག་ཅིག་གི་ཐོག་ནས་བྱིན་རླབས་ཐོབ་རྒྱུ་དེ་འདྲ་ཡོད་པ་རེད།

དེ་རིང་ཁྱེད་རང་ཚོ་འདིར་ཚེ་དབང་ཞུ་ཡ་དེ་གཙོ་བོ་ཚེ་རིང་པོ་སྡོད་པའི་ཆེད་དུ་རེད། ཚེ་རིང་པོ་སྡོད་པར་སེམས་ཅན་གྱི་སྲོག་སྐྱོབ་དགོས་ཀྱི་ཡོད་པ་རེད། སེམས་ཅན་གྱི་སྲོག་སྐྱོབ་ཡ་གཅིག་ནི་ང་ཚོས་ཤ་ག་ཚོད་ཉུང་དུ་བཏང་བ་ཡིན་ན་སེམས་ཅན་གྱི་ཚེ་སྲོག་སྐྱོབ་ཐུབ་ཀྱི་ཡོད་པ་རེད། རྣམ་པ་ཚོས་ཤ་གཏན་ནས་སྤོངས་རྒྱུ་ཁག་པོ་རེད་དེ། དུས་དང་རྣམ་པ་ཀུན་དུ་ཤ་གང་ཉུང་ཉུང་མཆོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་།

ཡང་གང་ཉིད་ཀྱིས་གཙོ་བོར་རྒྱུན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་རང་ཚོ་སེར་སྐྱ་མི་མང་ཆེ་འབྲིང་ཆུང་གསུམ་ཚང་མར་ཟབ་པ་དང་རྒྱ་ཆེ་བའི་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད་པ་རེད། དེ་ཚོ་ང་རང་ཚོ་ཚང་མས་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་མར་སྒྲོག་སྦྱང་གནང་བའི་སྐབས་སུ་མིག་ཆུ་ཁྲོམ་ཁྲོམ་བྱས་པ་མ་ཡིན་པར། བཀའ་སློབ་དེ་དག་གསར་ཤོག་དང་། དུས་དེབ། བརྙན་འཕྲིན་འཁོར་ཐག་དེ་ཚོ་ནས་དངོས་སུ་ཡང་ནས་ཡང་དུ་ཞལ་མཇལ་གསུང་ཐོས་རྒྱུའི་གོ་སྐབས་ཡོད་དུས། དེ་དག་ང་རང་ཚོའི་རྒྱུན་དུ་ལུས་ཀྱི་རྣམ་འགྱུར་དང་། ངག་གི་སྨྲ་བརྗོད། བསམས་པའི་འཁྱེར་སོ་སོགས་གང་ཐད་ནས་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་མཐུན་གྱི་འདུག་གམ་མི་འདུག་ཡང་ནས་ཡང་དུ་བརྟག་དཔྱད་བྱེད་དགོས་པ་རེད།

བཀའ་སློབ་དང་མཐུན་གྱི་ཡོད་ན་དགའ་བ་སྒོམས། རྗེས་སུ་ཡི་རངས་བྱོས། བཀའ་སློབ་དང་མཐུན་གྱི་མེད་པ་ཡིན་ན། གང་ཞིག་མཐུན་གྱི་མི་འདུག་ན། དེ་མཐུན་པ་ཡོང་བར་འབད་བརྩོན་བྱེད་དགོས། བླ་མའི་བཀའ་བཞིན་བསྒྲུབས་པའི་ཆོས་ལས་ལྷག་པའི་ཆོས་ཞིག་ཡོད་པ་མ་རེད། དངོས་པོ་ཕུལ་ཡ་དེ་ཆོས་པ་མཐའ་མ་དེ་རེད། བཀའ་བཞིན་བསྒྲུབས་པའི་ཆོས་པ་དེ་ཆོས་བསྒྲུབ་ཡ་ཐམས་ཅན་ནང་ནས་ཆོས་ཡག་ཤོས་དེ་ཡིན་པ་རེད། དེར་བརྟེན་དེ་ཉམས་ལེན་བྱས་པ་ཡིན་ན། སོ་སོའི་ཚེ་འདིའི་འགལ་རྐྱེན་བར་ཆད་སེལ་བ་ཡིན་ན་འདྲ། སྐྱེ་བ་ཕྱི་མའི་ལམ་རྒྱག་ཟེར་ནའང་འདྲ། དེ་ལས་ལྷག་པ་ཞིག་ཡོད་པ་མ་རེད། བླ་མའི་བཀའ་བསྒྲུབས་པ་ལས་ལྷག་པ་ཞིག་ཡོད་པ་མ་རེད། དེར་བརྟེན་ཚང་མས་ཡང་ནས་ཡང་དུ་ཐུགས་ལ་བཞག་རོགས་གནང་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (7)
༄། ཀ་གད་ཆོས་དབྱིངས་གདོད་ནས་སྐྱེམེད་ཀྱང་། ལྷུན་གྲུབ་རང་སྣང་འོད་གསལ་ལྷ་རིགས་ཤར། གངས་ཅན་དད་སྨོན་མོས་པའི་བདེན་མཐུ་ཡིས། སྔགས་འཆང་གཙུག་རྒྱན་གོང་མ་ཁྱེད་ལ་དད། བོད་ཀྱི་བླ་སྤྲུལ་རྣམ་པས་གནའ་རབས་ནས་རྒྱུད་པའི་ནང་བསྟན་གྱི་བཤད་སྒྲུབ་མན་ངགས་མྱོང་ཁྲིད་གསང་རྒྱ་་ཅན་དབང་ལུང་ཁྲིད་རིམ་སོགས་རང་ཉིད་རྟོགས་གྲོལ་ཐོགས་བསྟན་རྩ་དགེ་འདུན་རྒྱུད་འཛིན་གསོ་སྐྱོང་གནང་ཡུལ་བཤད་སྒྲུབ་གྱི་ཆོས་སྡེ་འཛུགས་སྐྲུན་གྱིས་ལས་འགན་དམ་པ་རྣམས་ཀྱིས་འཛིན་བཞིན་པ་ད་དུང་བོད་ཀྱི་མཐུ་མོངས་ཀྱི་རིགས་གནས་དང་མི་ཚེར་དོན་ལྡན་ཡོང་རྒྱུ་སློབ་གྲྭ་བཙུགས་པ་རྒན་གསོ་ཁང་སྨན་ཁང་ལམ་སྟོན་བཀའ་སློབ་དང་འགྲོ་བ་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱིས་བླངས་དོར་གྱིས་བག་ཆགས་བཟང་པོ་བཞག་པ་སོགས་དམ་པའི་ས་ལ་བཞུགས་ནས་གནང་བཞིན་པ་ཁྱེན་པ་མངའ་བ་གཟིགས་པ་མཛད་བཞིན་པ་རྣམས་ལ་ཡི་རངས་དད་མོས་ཀྱི་བསྟོད་བསྔགས་ཕུལ་འོས་པ་འབུལ་དགོས། དེ་ལན་ལྡོག་ཏེ་སྲིད་དོན་ར་མ་ལུག་ནང་དུ་དམ་པ་རྣམས་གདན་འདྲེན་ཞུས་མི་རུང་ལགས་། ༧གོང་ས་མཆོག་གིས་དེང་རབས་ཀྱི་མཛད་བཟང་དང་བཀའ་སློབ་རྣམས་ཉན་དང་གཟིགས་དང་ཉིན་རེ་བཞིན་ལག་ལེན་ཅི་ཐུབ་གནང་དགོས། ཁ་ཤས་ཀྱི་ནང་ཆོས་དང་བླ་སྤྲུལ་རྣམ་པས་མཛད་འགན་གང་ཡིན་ཆ་རྒྱུས་ཞན་པས་ཆབ་སྲིད་གནང་དགོས་ཚུལ་བཤད་པ་ནི་དོན་དངོས་ཐོག་རྒྱ་ནག་དང་ཅིག་མཚུངས་རེད་ གང ཡིན་ཟེ་ན་ནང་ཆོས་ནི་མཐོ་སློབ་བཤད་གྲྭ་ཙམ་མ་ཟད་སྒོམས་སྒྲུབ་རྒྱུན་དུ་གནང་དགོས་དམ་པ་ར་རྣམས་ཀྱིས་དེ་ཚོར་གནང་མ་བཅུག་བ་སྲིད་དོན་ཉོག་པོ་ནང་དུ་ཁྲབ་བཅུག་ན་མ་འོང་བོད་པས་འགྱོད་བཤགས་བྱས་དུས་ཚར་ལེ་རེད། ནང་བསྟན་ཐུན་མོངས་མ་ཡིན་པ་རྣམས་གནའ་རབས་ཀྱི་བླ་མ་གོང་མ་དག་གིས་ཉམས་ལེན་གནང་སྟངས་ཇི་བཞིན་མ་གཏོགས་དེང་སང་གིསློབ་སྦྱོང་ལེགས་ཆ་ལེན་རྒྱུ་ཙམ་ལས་སྒོམས་སྒྲུབ་དངོས་གཞི་ནི་འགྱུར་བཅོས་གཏང་རྒྱུ་མི་རུང། སོ་སོར་ཆོས་རྒྱུད་རེ་ལ་ཉམས་མྱོང་དང་ཐབས་ལམ་སྣ་ཚོགས་ཡོད་རེད་དེ་ཚོར་གསང་རྒྱ་ཅན་རེད། དེ ཚོར་གསང་བའི་མན་ངགས་རྣམས་སྒོམས་སྒྲུབ་བྱེད་མ་བཅུགས་ན་བསྟན་བཤིགངོ་མ་རེད་རྒྱ་མིས་ཕྱིར་ལོགས་ཙམ་ལས་ནང་བཅུད་ངོ་མ་ཉམ་ཐུབ་པ་མ་རེད། དེ ཚོར་བསམ་ཤེས་བྱས་ནས་གོང་རིམ་ལས་འགན་རྣམས་སོ་སོར་གྲྭ་རིམའམ་གོང་རིམ་ཡོད་པ་ཤེས་རྟོག་ཐུབ་ན་བོད་ཀྱི་རྩ་དོན་ངོ་མ་དང་བོད་ཀྱི་ལ་རྒྱ་བོད་པའི་བཟང་སྤྱོད་བོད་པའི་རིགས་གཞུང་རྒྱུན་འཛིན་ཡ་རབས་གོམས་བཤིས་སོགས་ལེགས་ལམ་སྟོངས་ཀྱི་བརྗོད་ཆོག་གོ།།། ཡིག་ནོར་ཚིག་རྩུབ་སོགས་དགོངས་དག་ཞུ་བསམ་ཚུལ་སྤེལ་དགེ་ཤིས།།།།།
6 ༠༧༢༠༡༢༡༠༥༠
ས་སྐྱ་བདག་ཁྲི་རིན་པོ་ཆེ་མཁྱེན། དངོས་གནས་མིང་དོན་མཚུངས་པའི་བླ་མ་ཁྱེད་ལ་སྙིང་ནས་སྐྱབས་སུ་འཆིའོ། བྱིན་གྱིས་རླབས་ཏུ་གསོལ།
བླ་ཆེན་ཚོས་ཆབ་སྲིད་ནང་ཐེབས་ཏོག་གནང་ན་སྐྱོན་བརྗོད་མ་གནང་ན་སྡུག་སྐད་འདི་ནི་ལས་མ་དག་པའི་དྲ་འབུ་རྣམ་དང་རྒྱ་དམར་གཞུང་གི་ཕྱོགས་སུ་ཡོད་མཁན་དག་གི་རྒྱུན་ལྡན་གྱི་བཤད་ཚུལ་ཞིག་ལས་མ་འདས་སོ།

སྐྱབས་སུ་འཆིའོ་རིན་ཐང་གཞལ་དུ་མེད་པས་བཀའ་སློབ་ཟབས་མོ་གནང་མི་འདུག་གམ། སྐུ་ཚེ་བརྟན་པའི་སྨོན་ལམ་སྙིང་ཁོངས་ནས་ཞུ།
ད་དུང་ཁོང་གི་དབང་གནང་ཡུལ་མང་ཆེ་བ་ཧི་མ་ལ་ཡ་དང་། ཕྱི་རྒྱལ་བ་མང་པོ་ཡོད་སྐད་བྲིས་འདུག་པས་གཞིས་བྱེས་རང་རིགས་རྣམས་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཅེས་པའི་རང་ལུས་མཆོད་མེར་སྒྲོན་བཞིན་པ་དེའི་སྐོར་བཀའ་སློབ་གནང་ན་ཡག་པོ་ཡོང་ས་རེད། མི་མང་གི་ལས་འགུལ་སྤེལ་བླ་ཆེན་དང་དཔོན་ཆེན་ཚོས་འཛམ་གླིང་སློབ་ཚོགས་རྣམས་ལ་བོད་དོན་གསལ་སྒྲག་དང་། རེ་བསྐུལ་གནང་བ་ཡིན་ན་ཡག་པོ་ཡོང་ས་རེད།
3 ༢༩༢༠༡༢༢༣༡༣
༄། །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ།
དྲིན་ཆེན་ཆོས་ཀྱི་རྗེ་ལ་གསོལ་བར་འདེབས།
མཉམ་མེད་བཀའ་དྲིན་ཅན་གྱིས་ཐུགས་རྗེའི་གཟིགས།
འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས།
2 ༢༩༢༠༡༢༢༣༡༢
གངས་ཅན་པ།
གསར་འགྱུར་བཀོད་སྟངས་ཀྱི་ཆ་ནས་བཤད་ན་་་་དཔེ་ལེགས་པོར་འགོད་འདུག་་་་བླ་མའི་གསུང་ལ་ནི་བཤད་རྒྱུ་ཞིག་ཀྱང་མི་ཀི། བླ་མ་ཁོང་འདྲ་བོ་དེང་སྐབས་ཀྱི་ས་སྟེང་འདིར་དཀོན་པོ་རེད། ད་ཞུ་ཡ་ཞིག་ལ་རྒྱལ་གཅེས་པ་དག་གི་རྣམ་ཤེས་དེ་ཡང་བླ་མ་ཁོང་གིས་དག་ཞིང་དུ་སྒྲོལ་བར་ཤོག།།
1 ༢༩༢༠༡༢༢༢༥༩
དབྱངས་ཅན་རོལ་པའི་འོ་མཚོ།
བླ་མ་ཁོང་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་དང་གསར་འགོད་པ་སངས་རྒྱས་ལགས་་ཁ་དྲོ། གསར་འགྱུར་ཚད་ལྡན་ཞིག་འགོད་གནང་བར་མ་ཟད་ནང་དོན་ཚིགས་སྦྱོར་སོགས་ཕྱོགས་གང་ནས་ལྟས་ཀྱང་སྐྱོན་མི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།