ཉིན་འདི་ཚོར་ལྡི་ལིའི་བོད་མིར་རང་དབང་དང་ཐོབ་ཐང་མི་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༦ཉིན་ནས་བཟུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་བོད་རིགས་མི་མང་རྒྱ་གར་ཉེན་རྟོག་པ་དང་དམག་མིས་གང་བྱུང་དུ་འཛིན་བཟུང་བཀག་ཉར་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༦ཉིན། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མཆོད་མེར་ཕུལ་རྗེས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་ཟང་ཟིང་ལང་ལོང་དུ་གྱུར། ཉིན་དེའི་ཕྱི་དྲོར་བོད་ཀྱི་གཞོན་ནུ་ཚོགས་པའི་སྣེ་ཁྲིད་འོག་ཏུ་བོད་མི་སྐྱ་སེར་རྒན་གཞོན་ལྔ་བརྒྱ་ལྷག་གིས་སྲིད་འཛིན་ཧོས་ཅེན་ཐོ་ལ་ངོ་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ལྡི་ལི་རྒྱ་ནག་གཞུང་ཁང་གི་ཕྱོགས་སུ་གཤར། འོན་ཀྱང་། སྟབས་མ་ལེགས་བོད་མི་ངོ་རྒོལ་བ་ཡོངས་རྫོགས་རྒྱ་གར་སྐོར་སྲུང་དམག་མི་དང་ཉེན་རྟོག་པ་ཟུང་འབྲེལ་གྱིས་འཛིན་བཟུང་བྱས་ནས་ཏིས་ཧར་བཙོན་ཁང་དུ་ཁྲིད་སོང་བས་ད་ལྟ་ཡང་ཀློད་གྲོལ་ཐོབ་མེད་པ་རེད།

ཕྱི་ཚེས་༢༧ཉིན་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡོངས་རྫོགས་དམག་མི་དང་ཉེན་རྟོག་པའི་ལྟ་སྲུང་འོག་བཅུག་འདུག ལྡི་ལིར་མན་ཅི་གྲི་ལ་དང་བྷོ་ཏི་བྷིས་ཡར་བོད་མི་བཞི་ལྷག་མཉམ་དུ་འགྲོ་བའམ་འཛོམས་པ་མཐོང་ཚེ་ཐད་གར་བཙོན་འཇུག་བྱེད་ཆོག་པའི་བཀའ་རྩ་བསྒྲགས་འདུག

ལྡི་ལི་ལྷོ་ཕྱོགས་ངོས་ཀྱི་སྨན་ཞབས་སོགས་མཐོ་སློབ་ཁག་ཏུ་བོད་རིགས་སློབ་མ་ཡོད་ཚད་ཀྱི་མིང་དང་ཁ་པར་ཨང་གྲངས་བླངས་ནས་དྲ་ཐོག་བརྒྱུད་ཁོ་ཚོའི་འགྲོ་འདུག་ལ་ལྟ་རྟོག་བྱེད་བཞིན་འདུག་ཟེར། དེ་རིང་ཉེན་རྟོག་པ་དང་དམག་མི་འཛོམས་ས་ཆེ་ཤོས་གཅིག་ནི་ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མའི་སྡོད་ཁང་ཆགས་འདུག མདང་ནུབ་མཚན་དཀྱིལ་ནས་བཟུང་སྡོད་ཁང་འདི་ཡོངས་རྫོགས་དམག་གིས་བསྐོར་ནས་ཕྱི་ནང་གི་འགྲོ་འོང་ཚང་མ་བཀག་འདུག་པས། ཐ་ན་དེ་རིང་ཞོགས་པའི་ཐབ་ཚང་གི་ཟ་མ་དང་སྔོ་ཚལ་རིགས་ཀྱང་ནང་དུ་གཏོང་གྱིན་མི་འདུག

སྡོད་ཁང་འདིར་སློབ་མ་ཉིས་བརྒྱ་ལྷག་ཡོད་ལ་ཁོ་ཚོ་མང་ཆེ་བར་དེ་རིང་དམིགས་མཐོ་སློབ་ཀྱི་ཡིག་རྒྱུགས་དང་ནང་སྦྱོང་དཔྱད་རྩོམ་གྱི་དུས་བཀག་ཐ་མར་ཐོན་པ་མང་བོ་ཡོད་ན་ཡང་སློབ་མ་གཅིག་ཀྱང་བཏང་མ་སོང་། སྡོད་ཁང་འགན་འཛིན་གཙོས་སློབ་མ་ཚང་མས་ཨུ་ཚུགས་དང་རེ་ཞུ་གང་མང་བྱས་ཀྱང་ངལ་མ་འབྲས་མེད་དུ་གྱུར། ཐ་ན་མཐོ་རིམ་སློབ་མར་སློབ་གྲྭར་མི་གཏོང་བའི་གནད་དོན་དེ་ཐད་གར་རྒྱ་གར་དབུས་གཞུང་དང་ནང་སྲིད་བློན་ཆེན་ལ་ཞུས་ཀྱང་ཡ་ལན་མེད་པར་གྱུར། དེར་བརྟེན། ཐ་མར་སློབ་མ་ཚོས་དྲ་རྒྱ་བརྒྱུད་གནས་ཚུལ་དེ་གསར་ཁང་ཚང་མར་བཏང་བས་གསར་འགོད་པ་འདྲ་མིན་སྡོད་ཁང་དུ་འབྱོར་ལ་དེ་དང་མཉམ་དུ་སློབ་མ་ཚོས་ཀྱང་ནང་ལོགས་ནས་སྦྱར་ཚིག་འདྲ་མིན་ཕྱར་ནས་ངོ་རྒོལ་བྱེད་འགོ་བརྩམས།

གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ལྡི་ལིའི་བོད་རིགས་རྣམས་ཀྱི་འགྲོ་འདུག་དང་སྨྲ་བརྗོད་ཀྱི་རང་དབང་སྲིད་འཛིན་ཧུའུ་ཕྱིར་མ་ལོག་བར་ཏུ་འཕྲོག་པ་རེད་ཟེར། དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་ལ། བོད་མི་ལྔ་བརྒྱ་ལྷག་བཙོན་ཁང་དུ་བཅུག་ནས་ཡོད། ཐ་ན་ལྷག་མའི་བོད་པ་དག་ཀྱང་ཁྱིམ་གྱི་བཟང་བཙོན་ཟེར་བའི་འོག་ཏུ་བཅུག་ནས་ཡོད། གལ་སྲིད་ཁྱེད་རང་བོད་མི་ཞིག་ཡིན་ཚེ་ཉིན་འདི་ཚོར་ལྡི་ལིར་རང་དབང་དང་ཐོབ་ཐང་གང་ཡང་མི་འདུག

གནས་ཚུལ་མཁོ་གཏོང་བ་སྒྲ་རིགས་ཐོག་མེད་ལགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།