བོད་མིའི་འཐབ་རྩོད་ཀྱིས་ལོ་རྒྱུས་ཐོག་མིག་དཔེ་བཟང་པོ་བཞག་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༨ཉིན། ཁ་སང་ཕྱི་ཚེས་༢༧ཉིན་གྱི་ཕྱི་དྲོར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག དྷ་ས་ཁུལ་གྱི་བོད་རིགས་སེར་སྐྱ་མི་མང་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མར་མེའི་ཁྲོམ་སྐོར་དང་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་བསྒྲགས་གཏམ་སྤེལ་གནང་སོང་།

སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས་མར་མེའི་ཁྲོམ་སྐོར་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་དོན། ང་ཚོའི་འཐབ་རྩོད་འདི་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་ལས་དབང་ལ་ཐུག་པའི་འཐབ་རྩོད་ཅིག་ཡིན་པ་མ་ཟད། འཛམ་གླིང་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་ཞི་བདེ་དང་རང་དབང་། དམངས་གཙོ་བཅས་དང་འབྲེལ་བ་ཡོད་པའི་གལ་ཆེའི་འཐབ་རྩོད་ཡིན་པར་བརྟེན། འཐབ་རྩོད་འདིས་མིའི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་ངེས་རེད། བོད་མི་རིགས་འདི་བཞིན་ད་ཆ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་མཐུན་སྒྲིལ་ཆེ་ཤོས་དང་རྡོག་རྩ་སྒྲིལ་ཤོས་ཀྱི་དུས་སྐབས་བཟང་ཤོས་སླེབས་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པ་དེ་ལས་ལྡོག་ཏེ་ལོ་རྒྱུས་ཐོག་གི་འགལ་བ་ཆེ་ཤོས་དང་རྙོག་དྲ་མང་ཤོས། རུལ་སུངས་ཆེ་ཤོས་ཀྱི་དུས་སྐབས་སུ་སླེབས་ཡོད་པར་བརྟེན། ཕན་ཚུན་འགལ་ཟླ་གྱུར་བའི་གནས་ཚུལ་དེ་ཚོའི་ཐོག་ནས་ང་ཚོའི་མཐའ་མའི་རྒྱལ་ཕམ་ཇི་ཡོང་ཐག་གཅོད་ཡོང་ངེས་རེད་ཅེས་དང་།

ཡང་མར་མེའི་ཁྲོམ་སྐོར་གོ་སྒྲིག་གནང་པའི་དགོས་དམིགས་ཀྱི་སྐོར་ལ་ཁོ་མོས། འདི་ཟླའི་ཚེས་༢༩ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་བཞིན་ཡོད་པའི་དུས་སྐབས་དང་བསྟུན་ནས། འདི་ག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཡི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་མུས་ཡིན་ལ། དེ་རིང་ང་ཚོས་འདི་གར་ཕྱོགས་གཅིག་ནས་རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ཀྱི་སྙིང་སྟོབས་ལ་རྗེས་དྲན་ཞུ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ་ཡིན། ཧུའུ་ཅིན་ཐའོ་ནི་བོད་མིའི་ཐོག་དྲག་གནོན་བྱེད་མཁན་གྱི་མི་གསོད་ལག་དམར་གྱི་དཔོན་ངན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཀུན་གཟིགས་པཎ་རིན་པོ་ཆེ་ཡང་དཔོན་ངན་དེས་བཀྲོངས་པ་རེད་ཅེས་སོགས་བརྗོད་གནང་སོང་།

དེ་ནས་དབྱིན་རྒྱ་གཉིས་ཀྱི་ཐོག་ནས་བསྒྲགས་གཏམ་སྤེལ་གནང་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལས་འགུལ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་ལྷན་དུ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།