སྲིད་འཛིན་ཧུའུ་ཅིང་ཐའོ་ཁྱེད་ལ་དགའ་བསུ་མི་ཞུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༨ཉིན། ཕྱི་ ལོ་༢༠༡༢ ཟླ་༠༣་ཚེས་༢༧་ཉིན་དེ་སྲིད་འཛིན་ཧུའུ་ཅིང་ཐའོ་རྒྱ་གར་དུ་མ་སླེབས་པའི་ཉིན་ གཅིག་གི་སྔོན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་དང་སྣེ་ཁྲིད་འོག རྒྱ་གར་བོད་དོན་རྒྱབ་སྐྱོར་མཁན་མཐོ་རིམ་སློབ་མ་ཁག་ཅིག་གིས་སྲིད་འཛིན་ཧུའུ་ ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

དེ་རིང་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོར་འགྲིམ་བཞིན་པའི་རྒྱ་གར་མཐོ་རིམ་སློབ་མ་ཁག་ཅིག་གིས་རྒྱ་གར་ལྡི་ལིའི་སྒོ་ཆེན་འགྲམ་(India Gate)དུ་འཕྲེད་དར་ཆེན་པོ་ཞིག་གི་ཐོག་ཏུ་(ཧུའུ་ཅིན་ཐའོ-ཁྱོད་རྒྱ་གར་དུ་སླེབས་པར་ང་ཚོས་དགའ་བསུ་མི་ཞུ། ཁྱོད་ཀྱི་ལག་པ་གཉིས་ཁྲག་གིས་སྦགས་ནས་ཡོད། བོད་ལ་རང་དབང་མྱུར་དུ་སྤྲོད་དགོས།) ཟེར་བ་ཞིག་འཕྱར་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱས་སོང་།

སྐབས་དེར་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་འབྲེལ་མཐུད་པ་མཐོ་རིམ་སློབ་མ་རྒྱ་གར་བུ་མོ་པུ་རེ་ཡཱ(Priya)ལགས་ཀྱིས་གསར་འགོད་པར་བཤད་དོན “ང་རང་རྒྱ་གར་བ་ཞིག་དང་དེ་བཞིན་གཞན་གྱི་བདེ་སྡུག་ལ་དོ་སྣང་བྱེད་མཁན་ཞིག་གི་ངོས་ཐད་ནས་བཤད་ན། ཇི་སྲིད་རྒྱ་གཞུང་གིས་བོད་ཐོག་འཛིན་བའི་གདུག་རྩུབ་ལྡན་པའི་སྲིད་ཇུས་མཚམས་འཇོག་མ་བྱས་བ་དེ་སྲིད་དུ། ངས་སྲིད་འཛིན་ཧུའུ་ཅིན་ཐའོ་དང་གཞན་རྒྱ་ནག་གི་དཔོན་རིགས་སུ་ཞིག་རྒྱ་གར་དུ་ སླེབས་ཀྱང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན་ཟེར།”

སླར་ཡར་མོས་མུ་མཐུད་ནས་བཤད་དོན “(BRICS) རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ཐུན་མོང་ཐོག་གནོན་ཤུགས་སྤྲད་ནས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་ལ་རྡོག་ རོལ་གཏོང་བཞིན་པ་དེ་མཚམས་འཇོད་བྱེད་དུ་འཇུག་དགོས། དེ་བཞིན་གནད་དོན་གཞན་ཞིག་ང་ཚོས་ཤེས་དགོས་པ་ནི་རྒྱ་ནག་ནི་འཛམ་གླིང་ནང་གི་ གཅིག་སྡུད་དབང་འཛིན་པའི་སྲིད་གཞུང་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཨང་དང་བོ་དེ་ཆགས་ཡོད། དཔེར་ན། སུ་རེ་ཡ་དང་འབར་མ། སུབེ་ཌན་བཅས་ཀྱི་དབང་འཛིན་པར་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ཚུལ་ལ་ལྟོས་དང་གསལ་བོ་ཡིན་ཟེར།”

རྒྱ་གར་བོད་དོན་རྒྱབ་སྐྱོར་མཁན་མཐོ་རིམ་སློབ་མ་ཁག་གིས་ངོ་རྒོལ་སྐད་འབོད་གྲུབ་རྗེས་དེར་འདུས་པའི་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་མཁན་མི་མང་ལ་བོད་དོན་སྐོར་གྱི་གནས་ཚུལ་བརྒྱུད་བསྒྲགས་བྱས་འདུག སྐབས་དེར་ལ་དྭགས་ཕྱོགས་ཀྱི་བུ་མོ་རིན་ཆེན་སྒྲོལ་མ་ལགས་ཀྱིས་བརྗོད་རྒྱུར“གུས་མོས་བོད་ཀྱི་རང་དབང་འཐབ་རྩོད་ཆེད་དུ་རང་ལུས་མཆོད་མེར་འབུལ་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་དག་ལ་གུས་འདུད་ཞུ་བཞིན་ཡོད། བོད་ནི་ཨ་རུ་ན་ཅལ་དང་ལ་དྭགས་ཕྱོགས་དང་རྒྱལ་མཚམས་སྦྲེལ་ནས་ཆགས་ཡོད་པས་བོད་ ཀྱི་ཆོས་དང་རིག་གཞུང་ཐ་ན་རང་གི་སྐད་ཡིག་བཅས་ལ་འདི་འདྲའི་གཏོར་བཤིག་དང་རྡོག་ རོལ་གཏོང་བཞིན་པ་གོ་དུས་སེམས་པ་ཧ་ཅང་སྐྱོ་བོ་བྱུང་ཟེར། ཧི་མ་ལ་ཡའིི་མི་རིགས་དག་ལ་དམིག་གསལ་བོད་ཀྱི་གནད་དོན་ཐོག་ཏུ་འོས་འགན་ཡོད་པ་རེད།”ཟེར།

དེར་མཐུད་ནས་ཨ་རུ་ན་ཅལ་ཕྱོགས་ཀྱི་བུ་མོ་ལྷ་མོ་ཤར་པ་ལགས་ཀྱིས་སེམས་ཚོར་ཆེན་པོས་བཤད་རྒྱུར “ དེ་རིང་གི་ལས་འགུལ་འདི་བརྒྱུད་ནས་ང་ཚོས་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་རྒྱ་ ནག་ལ་ནམ་ཡང་ཡིད་ཆེས་མ་གནང་རོགས་ཞུ་འདོད་བྱུང་། ལོ་རེ་བཞིན་ཨ་རུ་ན་ཅལ་དང་ལ་དྭགས་ཕྱོགས་སུ་རྒྱ་ནག་གི་དམག་མིས་འཇིགས་སྐུལ་དང་སུན་གཙེར་མང་བོ་བྱེད་ཀྱིན་ཡོད། དེར་བརྟེན། རྒྱ་གར་གྱི་ས་མཚམས་ཀྱི་དཀའ་རྙོག་དང་འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱེད་པའི་ལྡེ་ མིག་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་རེད།” ཅེས་གསུངས་བྱུང་།

ལྡི་ལི་ཕྱོགས་སུ་བོད་པ་རྣམས་བཙོན་འཇུག་དང་ཉེན་རྟོག་དམག་གིས་ལྟ་སྲུང་འོག་བཟང་བཙོན་དུ་བཅུག་ཡོད་པའི་སྐབས་འདིར། ང་ཚོའི་རྒྱ་གར་གྲོགས་པོ་དག་གིས་མུ་མཐུད་ལས་འགུལ་འདྲ་མིན་སྤེལ་བཞིན་བོད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད་ལ་ཁོང་ཚོས་ད་དུང་ཡང་ལས་འགུལ་སྣ་མང་སྤེལ་འཆར་འདུག

ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།