དགོངས་ཚུལ།

རྒྱ་གར་གྲོས་ཚོགས་འཐུས་མིས་བོད་དོན་ལ་སེམས་འཚབ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༧ཉིན། བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱ་གར་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཚོགས་བཞིན་པའི་སྐབས་དང་བསྟུན་ནས། གྲོས་ཚོགས་འཐུས་མིར་ཆེད་བཅར་གྱིས་རྒྱ་གཞུང་གིས་བོད་ནང་བཙན་གནོན་དང་དམ་དྲག་བྱེད་བཞིན་པའི་ཛ་དྲག་གནས་སྟངས་མྱུར་ཏུ་མཚམས་འཇོག་ཡོང་བར་རྒྱབ་སྐྱོར་གནང་བར་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ཚེས་༢༨ཉིན། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་རྒྱ་གར་ནང་རྒྱལ་ཁབ་བཞི་ཡི་ལྷན་ཚོགས་ཐོག་ཡོང་འཆར་ཡོད་ལ། ཐེངས་འདིའི་རྒྱ་གར་ནང་གི་རྒྱལ་དོན་འགྲུལ་བཞུད་དེ་ནི་ཧུའུ་ཡི་ལས་ཡུན་ནང་གི་ཆེས་མཐའ་མའི་འགྲུལ་བཞུད་ཅིག་ཀྱང་ཡིན་པ་རེད། གོ་སྐབས་འདི་བཟུང་ནས་བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གལ་ཆེན་༦ལ་ཆེད་བཅར་གྱིས། ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་༢པ་ནས་བཟུང་ད་ལྟའི་བར་བོད་རིགས་སེར་སྐྱ་༣༡རང་ལུས་མེར་བསྲེགས་བཏང་བ་སོགས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་སྐོར་འགྲེལ་བརྗོད་གནང་དང་འབྲེལ། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་མྱུར་ཏུ་མཚམས་འཇོག་ཡོང་ཆེད་ཧུའུ་ལ་དྲག་གནོན་མཚམས་འཇོག་ཡོང་བར་རེ་སྐུལ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་གསུངས་རྒྱུར། རྒྱ་གཞུང་གི་བཙན་གནོན་འོག བོད་ནང་སྔ་གཞུག་ཏུ་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་ཡོད་ལ། བོད་མི་སྔར་ལས་མང་པོས་རང་སྲོག་མ་ཤོར་གོང་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ངེས་པར་དུ་དོ་ཁུར་དང་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང༌།

ང་ཚོས་རྒྱ་གར་གྲོས་ཚོགས་འཐུས་མིར་ཆེད་བཅར་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བརྗོད་བྱས་ཡོད་ལ། ཁོ་ཚོ་ཚང་མས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་གནང་གི་ཡོད་པ་མ་ཟད། གྲོས་ཚོགས་དང་སྲིད་གཞུང་གི་ནང་དུ་ད་ལྟའི་བོད་ནང་གི་གནས་སྟངས་གླེང་སློང་གནང་བར་ཁས་ལེན་གནང་སོང་ཞེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།