བློ་ཐག་གཙང་བཅད་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༧ཉིན། ཁ་སང་ཕྱི་ཚེས་༢༦ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦པ་ཙམ་ལ། དྷ་ས་མེག་གྷན་དུ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ལ་གདུང་སེམས་མཉམ་ སྐྱེད་ཀྱི་ཆེད་དུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག མེག་གྷན་དུ་ལོ་རྒྱུས་ནང་སྤེལ་མ་མྱོང་བའི་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེ་ཤོས་ཤིག་སྤེལ་གནང་སོང་།

སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གཞུང་ཞབས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་དྷ་ས་ཁུལ་གྱི་བོད་རིགས་མི་མང་བཅས་དྷ་ས་མེག་གྷན་རླངས་འཁོར་འབབ་ཚིགས་སུ་དེ་སྔོན་འཛོམས་མ་མྱོང་བའི་མི་གྲངས་ཕོན་ཆེན་པོ་འདུ་འཛོམས་ཀྱིས། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གཙོ་གནང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་སྤེལ་གནང་སོང་།

དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་༢༩ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་རྒྱ་གར་ནང་ཡོང་རྒྱུ་ཡིན་པའི་སྐབས་དང་བསྟུན་ནས།   རླབས་ཆེན་གྱི་དབུ་ཁྲིད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་བཀྲོངས་མཁན་དང་བོད་རིགས་མི་མང་དམར་གསོད་གཏོང་མཁན་ལག་དམར་བ་ཁོང་ལ། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མི་༡༠༠༠གིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་ལ།  ད་ལྟའི་ཆར་མི་༥༠༠ ལྷག་ཅིག་རྒྱ་གར་རྒྱལ་ཡོངས་ཀྱི་བཙོན་ཁང་སྐད་གྲགས་ཆེ་ཤོས་དྷི་ཧར་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། ཁོང་རྣམ་པས་བཙོན་ཁང་དུའང་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་གཙོས་ པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་བསྔོ་སྨོན་དང་མཆོད་འབུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐོར་གསུངས་དོན།

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་ཆེ་ཆུང་ཚང་མར་མཉམ་ཞུགས་ཤུགས་ཆེན་གནང་མཁན་ཞིག་ཡིན་ལ། ལྷག་པར་དུ་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ནང་དུ་༢༠༠༨ལོ་ནས་བཟུང་ཆ་ཤས་ཤུགས་ཆེན་པོ་ལེན་མཁན་ཞིག་ཆགས་བསྡད་ཡོད། གང་ཡིན་ཟེར་ན། ༢༠༠༨ལོར་བོད་ནང་ཛ་དྲག་གི་གནས་སྟངས་བྱུང་བ་དང་ཨའོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱི་ཆེད་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ལྟོ་མེད་ཆུ་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་བའི་བརྒྱུད་རིམ་ནང་དུ་རྒྱལ་གཅེས་ལྷག་བསམ་ཅན་དང་བླངས་བ་མང་པོ་བྱུང་ཡོད་ལ།  དེའི་ནང་ནས་འབུར་དུ་ཐོན་པ་ཞིག་ནི། ཏྲེ་ཧོར་དང་རྟའུ་ཁུལ་ནས་ཡིན་པའི་ཕོ་གསར་ཁག་གཅིག་གིས་ཉིན་མཚན་མེད་པར་དང་བླངས་ཀྱི་ལས་འགུལ་ཤུགས་ཆེན་གནང་ཡོད་ལ། ཁོ་རང་དེའི་ནང་གི་གཅིག་ཆགས་བསྡད་ཡོད་པ་རེད། ཁོང་རང་ལ་རྒྱལ་གཅེས་སྙིང་སྟོབས་ག་འདྲ་ཞིག་ཡོད་མེད་དེ་སྐུ་ལུས་མེར་བསྲེགས་བཏང་བའི་སྐུ་པར་གྱི་ཐོག་ན་གསལ་བོ་མཇལ་རྒྱུ་ཡོད་ལ། རྩ་བའི་ཐོག་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལས་འགུལ་དེ་སྤེལ་ཡོད་པ་དང་། ཁོ་རང་དང་བླངས་ཀྱི་ཐོག་ནས་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་ཅེས་དང་།

རྒྱལ་གཅེས་དཔའ་བོ་ཁོང་གིས་བོད་ཀྱི་རྩ་དོན་ཆེད་རང་ཉིད་ཀྱི་ལུས་སྲོག་བློས་གཏོང་རྒྱུར་གྲ་སྒྲིག་ཆ་ཚང་བྱས་ཡོད་པའི་སྐོར་ལ་ཁོང་གིས། ཁ་སང་ཁོ་རང་གི་གྲོགས་པོ་སྐལ་བཟང་ལགས་ལ་བརྗོད་དོན། ངའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་༼RC༽དང་ཡིག་ཆ་གལ་ཆེན་དེ་ཚོ་དེ་རིང་ནས་ང་ལ་དགོས་མཁོ་མེད་པས། ཚང་མ་ཁྱེད་རང་ལ་སྤྲད་པ་ཡིན་ཞེས་བརྗོད་ཡོད་པ་དང་། དེ་བཞིན་ཁོའི་གྲོགས་པོ་ལོ་བརྒྱ་ལགས་ལ་ཁ་ཆེམས་ཀྱི་ཟོལ་དུ་ངའི་ཅ་ལག་གལ་ཆེན་པོ་དེ་ཚོ་དང་དངུལ་ཁུག་ཁྱེད་རང་ལ་སྤྲད་པ་ཡིན། ད་དུང་དངུལ་ཁང་ནང་དུ་ཡོད་པའི་ངའི་དངུལ་ཕྲན་བུ་དེ་ཁྱེད་རང་གི་མིང་ཐོག་ཏུ་བཞག་ཡོད། ཁྱེད་རང་ལ་དགོས་མཁོ་ཡོད་ན་བེད་སྤྱོད་གཏོང་རོགས་བྱོས་ཞེས་བརྗོད་འདུག

དེ་བཞིན་དུ་ཉིན་ཤས་སྔོན་ཁོ་རང་གི་རོགས་པ་སངས་རྒྱས་ལགས་ལ། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེག་གཏོང་གི་ཡོད་པ་རེད། ཁོ་ཚོས་རང་ལུས་མེར་བསྲེག་གཏོང་སྐབས་ཅི་དྲན་གང་དྲན་དང་གནས་སྐབས་ཀྱི་ཚོར་བ་ཞིག་གི་ཐོག་ནས་མེར་བསྲེག་གཏོང་གི་ཡོད་པ་མ་རེད། ཚང་མས་འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པ། ཁ་ཕྱོགས་ཡོད་པའི་ཐོག་ནས་རང་སྲོག་བློས་གཏོང་གི་ཡོད་པར་བརྟེན། མེ་ལ་སྲེག་བཅུག་ན་ཡག་པོ་འདུག མེ་ཡིས་ཕྱེད་ཀ་ཚིག་ཕྱེད་ཀ་མ་ཚིག་པ་ཡིན་ན། ཁོ་ཚོའི་དམིགས་ཡུལ་ཆ་ཚང་འགྲུབ་ཀྱི་མི་འདུག ང་རང་གི་འདོད་པ་བྱས་ན། རང་ལུས་མེར་སྲེག་གཏོང་མཁན་དེ་ཚོར་མེ་ལ་སྲེག་པའི་གོ་སྐབས་ཆ་ཚང་སྤྲོད་དགོས་ལ། ཤུལ་དུ་ཡོད་པའི་གསོན་པོ་ཚོས་ཁོ་ཚོའི་པར་དང་ལོ་རྒྱུས། ཁ་ཆེམས་སོགས་དྲིལ་བསྒྲགས་ཡག་པོ་བྱེད་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཁོང་གིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་མ་དེའི་ཞོགས་པར། ནམ་རྒྱུན་དང་མ་འདྲ་བར་ཞོགས་པ་སྔ་བོ་ནས་ཡར་ལངས་ཏེ་ཉལ་ཆས་རྣམས་ལེགས་པོ་སྡེབ་ནས་ཉལ་ཐུལ་གྱི་ཐོག་ཏུ་༧གོང་ས་མཆོག་གི་སྐུ་པར་ཞིག་བཤམས་ཡོད་པ་སོགས་དེ་ཚོ་ཚང་མ་ལ་བལྟ་ཡོང་དུས།  བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཞུམ་པ་མེད་པར་སེམས་ཐག་གཙང་བཅད་གནང་ཡོད་པ་གསལ་བོ་ཤེས་ཡོང་གི་འདུག་ཅེས་གསུངས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།