རང་ལུས་མེར་སྲེག་གྱི་འགན་རྒྱ་གཞུང་ལ་ཡོད་པའི་རྒྱུ་མཚན་བདུན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ༠༣ཚེས་༢༦ཉིན། རེས་གཟའ་ཟླ་བ། བོད་ནང་རང་ལུས་མེར་སྲེག་བསྟུད་མར་འཐོན་བཞིན་པའི་འགན་འཁུར་རྒྱ་ནག་གཞུང་ལ་ཡོད་པའི་རྒྱུ་མཚན་ཁག་བདུན་ནི།
༡། བོད་དེ་རྒྱའི་བཙན་དབང་འོག་མུ་མཐུད་གནས་བཞིན་པ།

༢། ཆབ་སྲིད་ཀྱི་གཉའ་གནོན།

༣། ྋགོང་ས་མཆོག་ལ་མཚན་སྨད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་བོད་མིའི་ཐོག་བཙན་ཐབས་ཀྱིས་སྤེལ་བཞིན་པ།

༤། བོད་མི་ཞི་རྒོལ་བར་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ།

༥། དཔལ་འབྱོར་དབྱེ་འབྱེད་དང་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ།

༦། བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དང་སློབ་ཚན་རྣམས་བོད་ཡིག་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པ།

༧། ཁོར་ཡུག་ལ་གཏོར་བཤིག

བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་འགན་འཁུར་དེ་རྒྱ་ནག་གཞུང་ལ་ཡོད་པ་ངོས་ལེན་བྱ་རྒྱུའི་ཚབ་ཏུ་རྒྱ་ནག་གཞུང་གིས་ྋགོང་ས་ྋསྐྱབས་མགོན་པོ་མཆོག་ལ་འགན་ཁག་དཀྲི་བ་མ་ཟད། ྋགོང་ས་མཆོག་ལ་མཚན་སྨད་དང་མ་ཉེས་ཁ་གཡོག་གི་གཡོ་བྱུས་རྒྱུན་མཐུད་ལག་བསྟར་བྱེད་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ལ་བློ་ཕམ་དང༌། མཐའ་གཅིག་ངོས་ལེན་མེད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་རྒྱུའི་ཐུགས་བརྩོན་མཛད་བཞིན་ཡོད་པ་མ་ཟད། བཀའ་ཤག་ནས་ཀྱང་བྱ་སྤྱོད་དེ་རིགས་མ་སྤེལ་རོགས་ཞེས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་གཞུང་འབྲེལ་བསྒྲགས་གཏམ། དེ་བཞིན་འདི་ལོའི་ཟླ་ ༡ ཚེས་ ༢༦ དང་ཟླ་ ༣ ཚེས་ ༡༠ སོ་སོར་འབོད་སྐུལ་ཡང་ཡང་ཞུས་ཡོད་པ་དེ་ལྟར་ནའང། བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་གདོང་ལེན་ཆེད་རང་ལུས་མེར་སྲེག་བཏང་དང་གཏོང་བཞིན་ཡོད།

ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༣༠ རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་དང་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་རེ་འདུན་བཏོན་དང་འདོན་མུས་དེར། རྒྱ་ནག་གཞུང་གིས་ད་བར་རེ་འདུན་དེ་དག་ལ་ངོས་ལེན་བྱ་རྒྱུའི་ཚབ་ཏུ་བོད་མི་ཞི་རྒོལ་བ་ཚོའི་ཐོག་གདུག་རྩུབ་ཆེན་པོས་དྲག་གནོན་དང་བོད་ཀྱི་ས་ཁུལ་ཁག་ཏུ་དྲག་ཆས་དམག་མི་དང་ཉེན་རྟོག་པ་ཕོན་ཆེ་དཔུང་འཇོག་བྱེད་བཞིན་ཡོད། དེར་བརྟེན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་ལྟ་བུ་བྱུང་བའི་འགན་འཁུར་ཆ་ཚང་རྒྱ་ནག་གི་དཔོན་རིགས་ཚོར་ཡོད་པ་ཙམ་མ་ཟད། བོད་མིའི་དཀའ་ངལ་དེ་དག་སེལ་རྒྱུའི་འགན་འཁུར་ཡང་ཆ་ཚང་རྒྱ་ནག་གི་དཔོན་རིགས་ཚོར་ཡོད།

ྋགོང་ས་མཆོག་གིས་དུས་རྟག་ཏུ་རྒྱ་བོད་མི་རིགས་དབར་འཆམ་མཐུན་སྐྲུན་ཐབས་མཛད་པ་ལས་རྒྱ་མི་རིགས་དང་རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་མཛད་པ་དེ་འདྲ་རྩ་བ་ནས་མིན་པ་ཡང་ཡང་བཀའ་སློབ་སྩལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་རྒྱ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་རྒྱ་མི་རིགས་ཀྱི་ངལ་རྩོལ་བྱ་རྒྱུའི་སྙིང་སྟོབས་ལ་བསྟོད་བསྔགས་མཛད་ཡོད།

ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་དང་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་འདུག་ཅེས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་འཁྱོག་བཤད་བྱས་པ་དེ་དྲང་བདེན་ཞིག་རྩ་བ་ནས་མིན། དོན་དངོས་ཐོག་བོད་མི་ཚོས་གཞི་རྩའི་རང་དབང་དང་ྋགོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལར་གདན་ཞུ་བྱ་རྒྱུའི་མངོན་འདོད་མཚོན་བཞིན་ཡོད་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུངས་ཡོད།

འདས་པའི་མི་ལོ་ ༥༠ རིང་ྋགོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འཛིན་སྐྱོང་གི་སྒྲོམ་གཞི་དེ་བཞིན་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་ཐུགས་བརྩོན་ལྷོད་མེད་མཛད་ཡོད།

སྔ་ལོའི་ཕྱི་ཟླ་ ༣ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་སྤྱི་འཐུས་ ༤༤ ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཁང་དང༌། བོད་མི་གཞོན་སྐྱེས་ཧར་ཝ་ཌ་གཙུག་ལག་སློབ་གྲྭ་ཐོན་པ་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་འཛིན་སྐྱོང་བཀའ་ཤག་ལ་ཡོངས་སུ་རྫོགས་པ་རྩིས་སྤྲོད་མཛད་པའི་མཛད་བྱུས་དེ་དག་ནི་བྱུང་རབས་ལོ་རྒྱུས་ལྡན་པ་ཞིག་ཆགས་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༡༠ པའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གསལ་བ་ལྟར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་གྲོས་མོལ་གྱི་ལམ་ནས་ཐོབ་ཆེད་བསམ་འཆར་ཡིག་ཆ་དེ་བཞིན་རྒྱ་གཞུང་གི་སྐུ་ཚབ་ཚོར་སྩལ་ཡོད།

བསམ་འཆར་ཡིག་ཆ་དེའི་ནང་བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲམས་ཀྱི་སྒྲོམ་གཞིའི་འོག་རྒྱ་ནག་གི་ཆ་ཤས་སུ་གནས་རྒྱུ་དང། སྲིད་བྱུས་དེར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ལྟ་གྲུབ་དེ་གཞི་རྩར་འཛིན་པའི་ཐོག་ནས་རྒྱ་མི་རིགས་དང་འབྲེལ་བ་བྱེད་བཞིན་ཡོད། འདས་པའི་ལོ་ཤས་ནང་བོད་མིའི་ཕྱོགས་ནས་རྒྱ་ནག་དབུས་གཞུང་དང་འབྲེལ་མོལ་བྱ་རྒྱུའི་འབད་བརྩོན་ཡང་ཡང་བྱས་ཀྱང༌། པེ་ཅིང་གཞུང་གིས་ཡར་ལན་མ་བྱས་པའི་རྐྱེན་གྱིས་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་འགག་པ་རེད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་སྤྱི་དང་ལྷག་པར་འཛམ་གླིང་ཡོངས་ཀྱིས་ཞི་བདེའི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་ནང་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་མཁན་ཞིག་ཡིན་པ་ལས་དཀའ་ངལ་བཟོ་མཁན་ཞིག་མིན། གནད་དོན་དེ་པེ་ཅིང་གཞུང་གིས་ནམ་ཞིག་རྟོགས་ཐུབ་ཚེ། རྒྱ་བོད་མི་རིགས་གཉིས་ཀའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཞིག་འཚོལ་ཐུབ་པ་ཡོང་ངེས་ཡིན།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།