ལྡི་ལི་རུ་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༦ཉིན། དེ་རིང་ཉིན་གུང་ཆུ་ཚོད་༡༢དང་སྐར་མ་༢༥ཙམ་ལ། ཁམས་རྟའུ་ནས་ཡིན་པ་རང་ལོ་༢༧ཅན་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་ད་ལྟ་སྨན་ཁང་དུ་མྱུར་སྐྱོབ་གནང་བཞིན་ཡོད་ཀྱང་གནས་སྟངས་ཧ་ཅང་ཛ་དྲག་ཡིན་འདུག

བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཉིན་གུང་ཆུ་ཚོད་༡༢དང་སྐར་མ་༢༥ཙམ་ལ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་ཇན་ཏར་མ་ཏར་ས་གནས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། མི་རིང་བར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་དུ་ཡོང་རྒྱུ་ཡིན་པའི་སྐབས་དང་སྟབས་བསྟུན་ཏེ། སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་གོ་སྒྲིག་གནང་བཞིན་པ་ལྟར།

དེ་རིང་ཞོགས་པར་བོད་མི་བརྒྱ་ཕྲག་འགས་ར་རྗི་གྷེ་ཁྲི་ནས་མགོ་བཙུགས་ཏེ་ཇན་ཏན་མན་ཏར་ས་གནས་བར་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་དང་། ཇན་ཏར་མན་ཏར་ས་གནས་སུ་བསླེབས་ཏེ་གཞོན་ནུ་ལྷན་ཚོགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་བ་ཞིག་གིས་གཏམ་བཤད་གནང་གྲུབ་མཚམས་སུ།

རང་ལོ་༢༧ཡིན་པའི་ཞི་རྒོལ་བ་འཇམ་དཔལ་ཡེ་ཤེས་ཟེར་བ་ཞིག་གིས་རང་ལུས་ལ་ས་སྣུམ་བླུགས་སྟེ་མེ་བསྒྲོན་ནས་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་།  ཁོང་གིས་སྨི་ཊིར་༡༠༠ཙམ་གྱི་ལམ་དུ་སྐད་འབོད་གོམ་བགྲོད་གནང་རྗེས། སྐུ་གཟུགས་ལ་མེ་ཤུགས་ཆེན་པོ་འབར་རྐྱེན་ས་ལ་འགྱེལ་ཡོད་པ་དང་། སྐབས་དེར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་དང་རྒྱ་གར་ཉེན་རྟོག་པ་སོགས་ཀྱིས་ཁོང་གི་ལུས་སྟེང་གི་མེ་བསད་དེ། ཉེན་རྟོག་རླངས་འཁོར་ནང་དུ་བཞག་སྟེ་ཉེ་འཁྲིས་ཀྱི་སྨན་ཁང་ཞིག་ཏུ་ཁྱེར་ཡོད་པ་དང་།  ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་སྟབས་ད་ལྟ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

ཁོང་གི་གྲོགས་པོ་རྟའུ་བློ་བཟང་སྦྱིན་པ་ལགས་ལ་ཁོང་གི་ད་ལྟའི་སྐུ་གཟུགས་གནས་སྟངས་སྐོར་དྲིས་བྱས་པར་ཁོང་གིས། ང་སྨན་ཁང་ནང་དུ་གཏོང་གི་མི་འདུག ཡིན་ནའང་། སྨན་པས་ཁོང་གི་གཟུགས་པོའི་བརྒྱ་ཆ་༩༨ཚིག་ཚར་འདུག་པས། བརྒྱ་ཆ་༢ཙམ་མ་གཏོགས་སྐྱོབ་ཐུབ་པའི་རེ་བ་མི་འདུག་གསུངས་སོང་ཞེས་བརྗོད་བྱུང་།

འཇམ་དཔལ་ཡེ་ཤེས་ལགས་ནི་༢༠༠༦ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་༣ལྷག་རིང་བོད་དབྱིན་གཉིས་དང་གློག་ཀླད་སོགས་ལ་སློབ་སྦྱོང་གང་ལེགས་གནང་ཡོད་པ་དང་། སློབ་གྲྭ་ནས་མཐར་ཕྱིན་རྗེས་ལྡི་ལི་གཞིས་ཆགས་བསམ་ཡས་གླིང་དུ་གནས་སྡོད་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༢༧༢༠༡༢༡༤༡༡
ཁྱེད་ཀྱི་འདོད་དོན་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་ལྷ་སྲུང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམ་ཀྱི་ཁྱེད་ཀྱི་བསམ་དོན་ཡིན་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག།
2 ༢༧༢༠༡༢༡༢༥༡
འདོད་དོན་ཐུགས་རེ་ལྟར་འགྲུབ་པའི་སྨོན་ལམ་ཡོད
1 ༢༦༢༠༡༢༢༢༠༥
མྱོར་སྐྱོབ་ཐུབ་པའི་སྨོན་ལམ་ཡོད་



བརྗོད་གཞི་གཞན་ཁག་ལ་གཟིགས།