དགོངས་ཚུལ།

༧གོང་ས་མཆོག་གིས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༣ཉིན། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་གཙུག་ལག་སློབ་ཁང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་སྤྱི་ནོར་ྋ གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ གཙུག་ལག་སློབ་ཁང་དེར་ཆིབས་སྒྱུར་བསྐྱངས་ཏེ་སློབ་གྲྭའི་དགེ་ལས་སློབ་ ༢༠༠༠ བརྒལ་བར་བཟང་སྤྱོད་ཐོག་བཀའ་སློབ་སྩལ་ཡོད།

དེ་ཡང་ཐོག་མར་གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་གཞོན་པ་པུ་ར་ཝ་སེ་ཤང་མཆོག་གིས་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད། དེ་ནས་ྋགོང་ས་མཆོག་གིས་བཟང་སྤྱོད་ཐོག་བཀའ་སློབ་སྩལ་དོན། ངོས་རང་ལ་འགན་འཁུར་གསུམ་ཡོད། དང་པོ། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང༌། གཉིས་པ། ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། གསུམ་པ། ངོས་ལ་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་ཡོད་པ་དེ་ད་ཆ་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ངོས་ཀྱིས་རྩིས་སྤྲོད་བྱས་ཟིན་པ་ཡིན།

དེ་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གཞི་རྩ་ནི་གཞན་ལ་གུས་བརྩི་ཞུས་ཐོག་གཞན་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་དེ་ཡིན། དུས་རབས་ཉེར་གཅིག་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་རྒྱུའི་གོ་སྐབས་དེ་གཞོན་སྐྱེས་ཚོར་ཡོད། ང་ཚོ་ཚང་མས་འགྲོ་བ་མིའི་བསམ་བློའི་ནང་གཞན་ཕན་བྱམས་སྙིང་རྗེ་ལྡན་པ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱས་པ་དང་ཆབས་ཅིག་དེ་དག་གོང་འཕེལ་གཏོང་ཐབས་ལ་ཤུགས་སྣོན་རྒྱག་དགོས། དེ་ཡང་ཤེས་ཡོན་གྱི་གོ་རྟོགས་སྤྲད་ནས་གོང་འཕེལ་གཏོང་དགོས་པ་ལས། ཁ་བཏོན་དང་སྒོམ་བརྒྱབ་ནས་དེ་ལྟར་ཡོང་ཐབས་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།

དེ་ནས་སློབ་ཕྲུག་གཅིག་གིས་རྒྱ་གར་རྒྱལ་ཁབ་དེ་བཞིན་ཆོས་ལུགས་རིས་མེད་ཀྱི་ རྒྱལ་ཁབ་གཅིག་ཡིན་སྟབས། ནང་པའི་ཤེས་ཡོན་བསྟི་གནས་ཤིག་འཛུགས་རྒྱུར་གལ་ཆེ་གཟིགས་ཀྱི་ཡོད་མེད་ཀྱི་དྲི་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་ཕེབས་དོན། ང་ཚོ་བོད་མི་རྣམས་རྒྱ་གར་གྱི་དགེ་ཕྲུག་ཡིན། འོན་ཀྱང་ནང་པའི་ཤེས་ཡོན་ཐོག་ང་ཚོ་དགེ་ཕྲུག་ཚོ་སྐྱོ་བ་རང་མེད། རྒྱ་གར་ནང་ནང་པའི་ཤེས་ཡོན་བསྟི་གནས་འཛུགས་དགོས་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་མི་ཚོ་རྒྱ་གར་གྱི་ཡིད་རྟོན་འཕེར་བའི་དགེ་ཕྲུག་ཡིན་ཞེས་བཀའ་ལན་སྩལ་ ཡོད།

དེ་བཞིན་བོད་རིགས་སློབ་ཕྲུག་མང་དག་ཅིག་ཆེད་བཅར་ཞུས་ཡོད་སྟབས། ྋགོང་ས་མཆོག་གིས་བོད་རིགས་སློབ་ཕྲུག་ཚོར་རང་གི་རིག་གཞུང་བདག་གཅེས་བྱེད་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། ང་ཚོ་བོད་པ་ཚོར་རང་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་གཏིང་ཟབ་ཡོད་པ་དེ་དག་ལ་ང་ཚོས་དོ་སྣང་སྤྲད་དེ་བདག་གཅེས་བྱེད་དགོས། དེ་སྔོན་གཞས་པ་གྲགས་ཅན་མེ་ཁོ་ཇག་སན་གྲོངས་རྗེས་རྡ་ས་ནས་བོད་པའི་གཞོན་སྐྱེས་ཤིག་གིས་མེ་ཁོ་ཇག་སན་གྲོངས་ནས་ཁོ་རང་སེམས་སྡུག་ཆེན་པོ་བྱུང༌། ྋརྒྱལ་བ་རིན་ཆེས་ཐུགས་སྨོན་གནང་རོགས་ཞེས་སྐྱབས་རྟེན་ཞིག་བསྐུར་འདུག

སྤྱི་བཏང་མི་ཞིག་ཡིན་པའི་ཆ་ནས་ཧ་ཅང་ཡག་པོ་རེད། མེ་ཁལ་ཇག་སན་ Micheal Jackson སྐད་གྲགས་ཡོད་པ་ཧ་ཅང་ཡག་པོ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་རྣམ་གཡེང་གི་དབང་དུ་ཕྱིན་ཡོད། གླུ་གཞས་ཁོ་ནར་ཡིད་ཕྲོགས་ཏེ་བསྡད་པ་རེད། ཚུར་ཕྱོགས་འདིར་ངོས་ཀྱིས་གོང་དུ་འགྲེལ་བཤད་བརྒྱབ་པའི་ང་རང་ཚོའི་སེམས་ནང་གི་བདེ་སྐྱིད་འཚོལ་ཐབས་དང༌། སྡུག་བསྔལ་འཕྲད་སྐབས་གདོང་ལེན་བྱ་རྒྱུ་དེ་དག་ལ་དོ་སྣང་མ་སྤྲད་པར་ཕྱི་ཕྱོགས་ཀྱི་ལྟད་མོ་ལྟ་རྒྱུ་ཁོ་ནར་མགོ་འཁོར་ནས་བསྡད་ན་ངོ་མཚར་སྐྱེ་རྒྱུ་མི་འདུག

ཁོང་རང་ངོས་ཀྱི་ངོ་ཤེས་ཡོད། མི་ཧ་ཅང་ཡག་པོ་འདུག རྗེས་ལ་ཁོང་རང་ན་བ་རེད་མ་གཏོགས་རྒྱ་གར་ལ་ངོས་རང་ལྷོད་ལྷོད་བྱས་ནས་ཐུག་བར་ཡོང་གི་ཡིན་ཞེས་བརྗོད་བྱུང༌། ཁྱེད་རང་སློབ་ཕྲུག་ཚོས་ཕྱིའི་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་ཏེ་ང་ཚོ་བོད་པར་ལོ་སྟོང་ཕྲག་རིང་ནས་དཔལ་ན་ལེནྡྲའི་མཁས་པ་ཚོས་བསླབ་ཡོད་པའི་དེ་དག་ལ་དོ་སྣང་མ་སྤྲད་ན་རིམ་བཞིན་བརྗེད་ཉེན་ཡོད། དེ་རིང་ཁ་སང་ཕྱོགས་གཅིག་ནས་བསམ་བློ་བཏང་ན་ནུབ་ཕྱོགས་པའི་ཚན་རིག་མཁས་པ་དངོས་གནས་དྲང་གནས་མི་རྣམ་དཔྱོད་ཡོད་པ་དེ་དག་གིས་བོད་ཀྱི་སངས་རྒྱས་ཀྱི་ཆོས་ནང་ནས་མིའི་སེམས་ལ་བསྒྱུར་བཅོས་གཏོང་སྟངས་སྐོར་གསུངས་ཡོད་པའི་ཐོག་དོ་སྣང་སྤྲོད་ཀྱི་འདུག བོད་པ་ཚོས་བོད་སྐད་དེ་དག་སློབ་ཀྱི་དགོས་མེད།

ནུབ་ཕྱོགས་པ་དེ་དག་གིས་བོད་སྐད་གསར་དུ་བསླབ་དགོས་ཡོད་པའི་དཀའ་ངལ་ཞིག་ཡོད་ཀྱང་ཁོང་ཚོས་དོ་སྣང་བྱེད་བཞིན་འདུག ང་ཚོ་སོ་སོའི་སྐད་ཡིག་ནང་ཡོད་མུས་ཡིན་སྟབས་དེ་དག་ལ་ངེས་པར་དུ་དོ་སྣང་སྤྲད་ དེ་ཤེས་པ་བྱེད་དགོས། དེ་བཞིན་ཉེ་ཆར་ངོས་རང་ལ་རྒྱ་མི་ཞིག་ཐུག་བྱུང༌། ངོས་ཀྱིས་བོད་མིའི་སེམས་ཤུགས་དེ་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་ཡོང་གི་ཡོད། ནང་ཆོས་ཀྱི་ལྟ་གྲུབ་ལོ་ངོ་ ༢༥༠༠ ལྷག་ཕྱིན་ཟིན་ཡོད། གུང་ཁྲན་གྱི་དམར་པོའི་ལྟ་བ་དེ་ལོ་ ༢༠༠ མ་གཏོགས་ཕྱིན་མེད་པར་བརྟེན། ཡུན་བསྲིངས་ནས་འགྲོ་སྐབས་ང་ཚོ་བོད་པའི་སེམས་ཤུགས་དེ་མེད་པ་བཟོ་ཐུབ་ཀྱི་མ་རེད་ཅེས་བརྗོད་པ་ཡིན།

དེ་བརྟེན་ཁྱེད་རང་ཚོ་ཚང་མས་སོ་སོའི་རིག་གཞུང་ཤེས་པ་བྱེད་དགོས། ཞེན་ཁོག་དང་རྨོངས་ཞེན་བྱས་ནས་དགའ་པོ་བྱས་པའི་སྐད་ཆ་གང་ཡང་མིན། རྒྱུ་མཚན་དང་གནད་འགག་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཡོད། དེ་ནས་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་བ་མི་ན་ཤེ་མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་མཚོན་སླད་ཕྱག་རྟགས་ཤིག་འབུལ་ལམ་ཞུས་ཡོད་འདུག

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།