སྨན་རྩིས་ཁང་འདི་བཀའ་ཤག་གི་ལྟ་གྲུབ་གསུམ་དང་མཐུན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༣ཉིན། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། བོད་ཀྱི་སྨན་རྩིས་ཁང་འདི་ནི་བཀའ་ཤག་སྐབས་༡༤པའི་གཅིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་སྟེ་རྩ་བའི་ལྟ་གྲུབ་གསུམ་དང་ཡོངས་སུ་མཐུན་འདུག་ཅེས་བཀའ་གནང་སོང༌།

དེ་རིང་གངས་སྐྱིད་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༥༡འཁོར་བའི་ལོ་འཁོར་ཚོགས་ཆེན་དང༌། ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་མཛད་སྒོ་བཅས་ཚོགས་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོར་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང༌། འཕྲོད་བརྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམ་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་བཅས་ཆེད་དུ་གདན་འདྲེན་ཞུས་འདུག

ཐོག་མར་བོད་དོན་ཆེད་སྐུ་ལུས་མེ་སྲེག་གཏོང་མཁན་གྱི་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ངག་བཅད་མྱང་ངན་གུས་འདུད་དང༌། བོད་ཀྱི་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་གཙོ་༧སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ནས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སོང༌།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྨན་རྩིས་ཁང་གི་ཞབས་ལོ་སུམ་ཅུ་འཁོར་མཁན་༡དང༌། ཞབས་ལོ་༢༠འཁོར་མཁན་མི་གྲངས་༣བཅས་ཁྱོན་མི་གྲངས་༤ལ་ལེགས་སྐྱེས་དང་ཕྱག་ཁྱེར་བཅས་གསོལ་རས་གནང་སོང་ལ། བླ་སྨན་ཚེ་བརྟེན་རྡོ་རྗེ་མཆོག་ནས་སྨན་རྩིས་ཁང་གི་སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲིས་ལགས་སུ་རིན་ཆེན་བཙོ་ཐལ་ཐེངས་དྲུག་པའི་ལག་ལེན་དམར་ཁྲིད་ཀྱི་འགན་འཁུར་གནང་བའི་ཕྱག་ཁྱེར་བཅས་གནང་སོང༌།

སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ་མཆོག་ནས་སྨན་རམས་པ་འབྲིང་བ་དང༌། སྨན་རམས་པ་འབྲིང་བར་སློབ་ཁྲིད་གནང་མཁན་རྣམས་དང༌། སྨན་རྩིས་སློབ་མའི་རྒྱུགས་འབྲས་མཐོ་ཤོས་ཁག་གི་མཚན་ཐོ་སྒྲོག་སྦྱང་དང་འབྲེལ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ནས་ཕྱག་ཁྱེར་དང་བྱ་དགའ་བཅས་གནང་སོང༌།

ལྔ་བཅུའི་གོ་སྒྲིག་ཚོགས་གཙོ་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ནས་ཚོགས་ཆུང་གི་ལས་སྡོམ་སྙན་སྒྲོན་གནང་སོང་ལ། སྐུ་མགྲོན་གཙོ་བོ་བཀའ་བཀའ་བློན་ཁྲི་པ་མཆོག་གིས་༼གསོ་རིག་བླ་བརྒྱུད་ཚོགས་ཞིང་དང༌། ལྔ་བཅུའི་ལོ་རྒྱུས་དེབ་ཕྲེང་༽བཅས་དབུ་འབྱེད་གནང་སོང༌།

ལྔ་བཅུའི་ལས་དོན་ཐོག་རམ་འདེགས་ཤུགས་ཆེ་གནང་མཁན་ཁག་ཅིག་ལ་བོད་ཀྱི་སྨན་རྩིས་ཁང་གི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་གཙོ་༧སྐུ་བཅར་རྨན་པ་ཚེ་དབང་རྟ་འགྲིན་མཆོག་ནས་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ཕྱག་རྟགས་བཅས་གནང་བ་དང་། ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཕྱག་འཁྱེར་དང་ལེགས་གསོལ་བཅས་གནང་སོང༌། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས། དབུས་དང་ཕྱོགས་མཐའི་ཡན་ལག་ཁག་ལ་བླ་བརྒྱུད་ཚོགས་ཞིང་དང་ལོ་རྒྱུས་དེབ་ཕྲེང་གསོལ་རས་གནང་རིམ་པར་གནང་སོང་།

དེ་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བཀའ་སློབ་དང་གསུང་བཤད་གནང་དོན།

ང་ཚོའི་སྨན་རྩིས་ཁང་ཟེར་བ་འདི། གཙོ་བོར་ང་ཚོའི་བཅུ་ཕྲག་རིག་པའི་རིག་གནས་ནང་ནས། རིག་གནས་ཆེ་བའི་ནང་ནས་གསོ་བ་རིག་པ་དང༌། ཆུང་བའི་ནང་ནས་སྐར་རྩིས་ཀྱི་རིག་པ་དེ་གཉིས་ཀྱི་ཐོག་ནས་ང་ཚོས་འཛིན་སྐྱོང་དང་དར་སྤེལ་གནང་མཁན་གྱི་རང་གཞུང་གི་ཁྱབ་ཁོངས་སྒྲིག་འཛུགས་རྒྱ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད།

ཐོག་མར་ང་ཚོ་བོད་ནས་བཙན་བྱོལ་དུ་འབྱོར་སྐབས་སུ་གནམ་དང་ས་མ་གཏོགས་ངོ་ཤེས་མཁན་ཞིག་མེད་པའི་དུས་སྐབས་དེར། གཙོ་བོར་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང༌། ལམ་སྟོན་བཀའ་སློབ་གཞིར་བཟུང་ཐོག་ཆེད་མཁས་ཀྱི་མི་རབས་རྒན་པ་དེ་ཚོས། སྐབས་དེ་དུས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ནས། ཐེག་པ་རིམ་འཛེགས་ཀྱིས་ད་གཟོད་ཀྱི་གནས་སྟངས་འདི་བྱུང་བ་དེར་ང་ཚོ་དེ་རིང་འདིར་འཛོམས་པ་དང༌། རྒྱལ་སྤྱིའི་མི་སྣ་སུ་ཞིག་ཡིན་རུང་དགའ་གུས་ཞུ་འོས་པ་ཞིག་དང༌། ཞུ་དགོས་པ་ཞིག་རང་བཞིན་གྱི་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་སོང༌།

སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཆོག་གིས། བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པ་ཨེམ་རྗེ་རྟ་མགྲིན་ལགས་ཀྱིས་གཙོས། སྨན་པ་དང༌། དགེ་ལས། སློབ་ཕྲུག་བཅས་ཚང་མས་ད་ལྟ་བར་དུ་ཧུར་ཐག་གནང་ཡོད་པ་དེ་ཧ་ཅང་གསལ་པོ་རེད། གཞི་རྩའི་སྨན་རྩིས་ཁང་གི་ལོ་རྒྱུས་ལ་བལྟས་ཡོང་དུས། བཀའ་ཤག་སྐབས་༡༤པའི་རྩ་བའི་ལྟ་གྲུབ་གཅིག་སྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བཅས་དང་ཏག་ཏག་མཐུན་པ་ཞིག་ཆགས་འདུག་བསམས་ཀྱི་ཡོད། གང་ཡིན་ཟེར་ན། ཐོག་མར་ང་ཚོའི་བོད་དེ་ཤོར་ནས་རྒྱ་གར་ལུང་པར་སྐྱབས་བཅོལ་བ་བྱས་ནས་ལོ་རྒྱུས་ཐོག་བློ་ཕམ་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་འདྲའི་སྐྱོ་བའི་གནས་ཚུལ་སྐབས་སུ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས། ༧གོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་ཚོགས་པ་མང་པོ་ཞིག་བཙུགས་ཡོད་པའི་ནང་ཆེས་དང་ཤོས་དེ་སྨན་རྩིས་ཁང་ཆགས་བསྡད་ཡོད་པ་རེད།

སྐབས་དེར་མཐུན་རྐྱེན་དེ་འདྲའི་སྐྱོ་པོ་ཞིག་ཡིན་རུང་གཙོ་བོར་བོད་ནས་ཕེབས་པའི་ཨེམ་རྗེ་དེ་ཚོས་དང༌། ལས་བྱེད་རྣམ་པ་ཚང་མས་གཅིག་སྒྲིལ་གཞིར་བཞག་པའི་ཐོག་ནས། ཕྱ་གྲུ་མཉམ་འདེབས་ཐོག་སྐུ་ལས་བསྐྱོན་ནས། གསར་གཏོད་རིམ་པའི་ཐོག་ནས་གཞི་རྩའི་ང་ཚོའི་སྲོལ་རྒྱུན་གྱི་སྨན་ལུགས་གཞིར་བཞག་ནས། སྨན་བཟོ་སྟང་དང་། གཙོ་སྟངས། ནད་པར་བརྟག་དཔྱད་བྱེད་སྟངས་ཚུན་པའི་གསར་གཏོད་རིམ་པའི་ཐོག་ནས་ཡར་རྒྱས་བཏང་ནས། ད་ཆ་ང་ཚོར་རང་དབང་ལྡན་པའི་ཚོགས་པ་ཁག་མང་པོ་ཞིག་ཡོད་པའི་ནང་ནས་སྨན་རྩིས་ཁང་འདི་རང་ཁ་རང་གསོ་ཆགས་ཐུབ་པ་དེ་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་པ་ངས་དུས་རྟགས་ཏུ་ངོས་འཛིན་ཞུ་བཞིན་ཡོད། གྲུབ་འབྲས་འདི་གཙོ་བོ་མི་ཐོག་རྒན་པ་ཚོས་སྐུ་ལས་བསྐྱོན་པ་ལས་བྱུང་བ་གསལ་པོ་རེད།

ང་ཚོས་རེ་བ་ག་རེ་ཞུ་བཞིན་ཡོད་ཟེར་ན། འགན་འཛིན་གསར་པ་ཕེབས་ཡོང་དུས་གཅིག་སྒྲིལ་གཞིར་བཞག་པའི་ཐོག་ནས་ཕྱ་གྲུ་མཉམ་འདེབས་གནང་དགོས་པ་དང༌། གསར་གཏོད་གཞིར་བཞག་པའི་ཐོག་ནས་བོད་མིའི་གསོ་བ་རིག་པའི་སྨན་འདི་རྒྱལ་སྤྱིའི་སྡིང་ཆ་སྒང་ལ་སྨན་གཞན་དག་ལས་ཀྱང༌ཚད་མཐོ་ཤོས་དང༌། ཕོན་ཆེ་ཤོས་བྲིན་ཐུབ་ཡ། ད་ལྟ་སྨན་རྩིས་ཁང་འདི་རང་ཁ་རང་གསོ་ཐུབ་ཀྱི་ཡོད་པ་ལྟར་བོད་སྨན་འདི་ཚོང་རྒྱ་ཁྱབ་ཇེ་ཆེར་འགྲོ་ནས་མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱང་རང་ཁ་རང་གསོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།