དགོངས་ཚུལ།

དྷ་སྟེང་བོད་ཁྱིམ་ནང་ལྷག་དཀར་སྲུང་བརྩི་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༡ཉིན། དེ་རིང་རེས་གཟའ་ལྷག་པའི་ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ནང༌། དགེ་སློབ་ཡོངས་ཀྱིས་ལུས་ལ་བོད་ཆས་གྱོན་པ་དང༌། ཁ་ནས་ཕ་སྐད་གཙང་མ་ཤོད་དགོས་པའི་ལས་འགུལ་སྤེལ་ནས་སློབ་གྲྭའི་ནང་ཆེས་ཐོག་མའི་གཞུང་འབྲེལ་ལྷག་དཀར་སྲུང་བརྩི་བྱས་སོང༌།

དེ་རིང་མཁའ་རླུང་གཙང་ཞིང་ཉི་འོད་རབ་ཏུ་བཀྲའི་ཞོགས་པ་དེར། དྷ་སྟེང་བོད་ཁྱིམ་ནང་བོད་ཕྲུག་ཆུང་ཆུང་རྣམས་ལུས་ལ་བོད་ཆས་གྱོན་ནས་དགོད་འཚེར་འཚེར་གྱིས་ཐང་སྟེད་དུ་བསྐྱོད་ཀྱིན་འདུག་ལ། ཁྱོན་སློབ་ཕྲུག་གྲངས་༢༡༠༠ལྷག་འདུག་པ་དེ་དག་སློབ་གྲྭ་ཆུང་བ་དང༌། འབྲིང་བ། ཆེ་བ་བཅས་སྡེ་ཚན་གསུམ་དུ་བགོས་ནས་ཚོགས་སོང་ལ། སྡེ་ཚན་རེ་རེ་ནས་དེ་རིང་ལྷག་དཀར་གྱི་ཉིན་མོ་དང་འབྲེལ་བའི་གསུང་བཤད་དང༌། ཕ་སྐད་གཙང་མའི་གཞས་སྣ་བཅས་གཟིགས་འབུལ་ཞུས་ནས་སྲུང་བརྩི་གནང་སོང༌།

སློབ་གྲྭ་ཆུང་བའི་དགེ་ཆེ་འཇིགས་མེད་རྒྱལ་པོ་ལགས་ཀྱིས་དེ་རིང་ང་ཚོས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་སྲུང་བརྩི་ཞུ་བཞིན་པ་ལྟར་༼ལྷག་དཀར་༽གྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། དེ་རིང་གི་སྲུང་བརྩི་འདིར་བོད་ཕྲུག་ཁྱིམ་སྡེ་ལ་མཚོན་ན་གཞུང་འབྲེལ་སློབ་གྲྭ་སྤྱི་ཡོངས་ནས་སྲུང་བརྩི་བྱེད་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།

ཡང་སྔོན་འགྲོ་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས། ལྷག་དཀར་གྱི་ཉིན་མོ་འདི་བོད་ཕྱི་ནང་གཉིས་ཀ་ནས་གལ་ཆེན་པོ་ཞིག་བརྩི་བཞིན་ཡོད་པ་རེད། རྩ་བའི་ཟླ་བ་གཅིག་ལ་ལྷག་དཀར་ཐེངས་༤ཙམ་ཡོད་པ་རེད། འོན་ཀྱང་ང་ཚོས་སློབ་གྲྭའི་མཛད་རིམ་དང་སྟབས་བསྟུན་ནས་ཟླ་བ་རེར་ཐེངས་རེ་སྲུང་བརྩི་ཞུ་རྒྱུ་བཟོས་པ་རེད། སྤྱིར་ང་ཚོར་ལྷག་དཀར་གྱི་ལས་རིམ་ཟེར་བ་ཞིག་ཡོད་ཡོད་པ་རེད། འོན་ཀྱང་དེ་རིང་འདིར་སྔོན་འགྲོ་ནས་འཛིན་རིམ་༡༢བར་གྱི་སློབ་མ་ཚང་མས་བོད་ཆས་གྱོན་ནས་སྲུང་བརྩི་བྱེད་པ་དེ་ཕ་ཆེར་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

ལྷག་དཀར་སྲུང་བརྩི་འདི་བོད་ཁྱིམ་གྱི་སློབ་གྲྭ་ཚང་མས་སྲུང་བརྩི་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་དུས་ཚོད་ཏོག་ཙམ་མ་འདྲ་བ་མ་འདྲ་བ་ཆགས་སྲིད་པ་རེད། དཔེར་ན། དྷ་ས་མེ་གྷན་ཉིན་སློབ་དེ་དྷ་སྟེང་བོད་ཁྱིམ་གྱི་ཁོངས་གཏོགས་རེད། འོན་ཀྱང་ཁོང་ཚོས་བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པ་དེར་སྲུང་བརྩི་བྱས་པ་རེད། དེ་བཞིན་དུ་གྷོལ་པ་ཕུལ་བོད་ཁྱིམ་དང༌། སུ་ཇཱ་བོད་ཁྱིམ་བཅས་སློབ་གྲྭ་གཞན་ཚང་མས་ལས་འགུལ་འདི་སྲུང་བརྩི་བྱེད་ཀྱིན་ཡོད་པ་རེད།

ལས་འགུལ་ཞིག་འགོ་བརྩམས་ཚར་དུས། ལས་འགུལ་དེ་མཚན་ཉིད་ཚང་བ་ཞིག་དགོས་ཀྱི་ཡོད་དུས། མ་འོངས་པར་ལས་འགུལ་་རིམ་པར་ཡར་རྒྱས་བཏང་ནས། རེས་གཟའ་ལྷག་པ་ཉིན་བོད་ཆས་གྱོན་ནས་བོད་སྐད་གཙང་མ་ཤོད་དགོས་པ་དང༌། དམིགས་བསལ་རེས་གཟའ་ལྷག་པའི་ཉིན་བོད་པ་རང་གི་ཁ་ལག་རྩམ་པ་སོགས་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་སོང༌།

ཡང་སློབ་གྲྭ་ཆུང་བའི་དགེ་དོན་འགྲུབ་ལགས་ཀྱིས། ང་ཚོས་དེ་རིང་འདིར་ཚང་མས་བོད་ཆས་གྱོན་ནས་བོད་པའི་ལོ་གསར་སྲུང་བརྩི་བྱེད་བཞིན་ཡོད་པ་མ་རེད། དེ་རིང་ང་ཚོས་༼ལྷག་དཀར་༽སྲུང་བརྩི་བྱེད་བཞིན་ཡོད་པ་རེད། ང་ཚོས་ག་རེ་བྱས་ནས་ལྷག་དཀར་སྲུང་བརྩི་བྱེད་བཞིན་ཡོད་པ་རེད་ཟེར་ན། ཕྱི་ལོ་ ༡༩༥༠ ང་གྲངས་ནས་བཟུང་རྒྱ་ནག་གཞུང་གིས་བོད་དེ་བཙན་བཟུང་བཙན་གནོན་བྱེད་བཞིན་ཡོད་པ་རེད།

བཙན་གནོན་དེར་བོད་མི་ཚོས་ངོ་རྒོལ་དང༌། ང་ཚོར་རང་དབང་དགོས། ༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་བཅུག་དགོས་ཞེས། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱས་ནས་ད་ལྟའི་བར་ཁྱོན་མི་གྲངས་ས་ཡ་༢ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། ཁྱོན་མི་གྲངས་༣༠ཡས་མས་ཤིག་གིས་སོ་སོའི་གཅེས་པའི་ལུས་སྲོག་དེ་ཡང་མེ་སྲེག་གཏོང་བཞིན་པའི་གནས་ཚུལ་ཆགས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་འགྲེལ་བཤད་ལོག་པ་དང་ཚུར་སྐྱོན་འཛུགས་བྱེད་ཀྱིན་ཡོད་པ་རེད།

དེས་ང་ཚོའི་དགྲ་བོ་ནི་དེ་འདྲའི་སྡུག་རྩུབ་ཆེན་པོ་དང་མཁྲེག་པོ་ཡོད་པ་སྟོན་གྱིན་ཡོད་དུས། ང་ཚོས་ཀྱང་སོ་སོའི་མི་རིགས་ཀྱི་རྣམ་པ་སྟོན་ནས་ཚང་མ་ལྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་དུས། ང་ཚོས་སོ་སོའི་མི་རིགས་ཀྱི་ཆས་གོན་གྱོན་ནས། སོ་སོའི་ཕ་སྐད་གཙང་མ་གླེང་བཞིན་༼ལྷག་དཀར་༽གྱི་ཉིན་མོ་འདི་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། ལས་འགུལ་འདི་འདྲ་ནི་མི་རིགས་ཤིག་གི་འཐབ་རྩོད་ནང་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་ཅེས་གསུངས་སོང༌།

འཛིན་རིམ་མཐོ་བའི་སློབ་མ་དང་དགེ་རྒན་རྣམས་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་འདུ་འཛོམ་ཀྱིས། ༼རང་དབང་སྒྲུབ་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ནི་མི་བསྟུན་པའི་ལས་འགུལ་རེད། ད་ཆ་བོད་ནང་མཐུན་ལམ་མི་བྱེད་པའི་ལས་གྱི་རྩ་བ་བཙུགས་ཟིན་པ་མ་ཟད་སྔོན་པོའང་སྐྱེ་བཞིན་འདུག་༽ཅེས་བསྒྲགས་སོང་།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།