དགོངས་ཚུལ།

སྐབས་༡༡པའི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་གྱི་བགྲོ་གླེང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༦པའི་ཚེས་༢༠ཉིན་སྤེལ། བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ། ཕ་ཡུལ་དྲ་ཚིགས་བཅས་ཀྱི་བཀོད་སྒྲིག་མཐུན་འགྱུར་འོག ཕྱི་ཚེས་༢༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད༤སྟེང་བོད་གཞུང་ཟློས་གར་ཚོགས་ཁང་ནང༌། ཕྱི་ལོ༢༠༡༡ལོའི་མ་འོངས་བཀའ་བློན་ཁྲི་པའི་ཐད་བཞུགས་མོལ་བགྲོ་གླེང་ཞིག་བསྐངས་ཡོད་ཅིང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཉིས་ཀྱིས་བགྲོ་གླེང་ཐོག་གོ་བསྡུར་གཏམ་བཤད་སྤེལ་ཁར། ཚོགས་ཞུགས་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དྲ་ལམ་བརྒྱུད་བཏོན་པའི་དྲི་བར་ལན་ལྡོན་གནང་ཞིང༌། གཞན་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་གོང་ས་ཏཱ་ལའི་བླ་མ་མཆོག་གིས་མང་གཙོའི་སྒྲིག་གཞིའི་འོག་གི་བཀའ་བློན་ཁྲི་པའི་འོས་འདེམས་དང༌། ཆོས་སྲིད་ཟུང་འབྲེལ་སྐོར་ལ་བསྩལ་བའི་བཀའ་སློབ་གློག་བརྙན་ཞིག་ཀྱང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་གཟིགས་འབུལ་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་༼བཀའ་བློན་ཁྲི་པའི་འོས་ཤོག་དང་དེར་འཁྲི་པའི་འབྲེལ་བའི་གཞོན་སྐྱེས་ཚོའི་ལས་འགན༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། བཅའ་ཁྲིམས་ཀྱི་དོན་ཚན༢༠པའི་ནང། ྋགོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཀྱི་འོག་བོད་གཞུང་གི་ཆབ་སྲིད་ཀྱི་ལས་དོན་འགན་ཁུར་རྐང་ལེན་བྱེད་མཁན་བཀའ་ཤག་ལྷན་ཚོགས་དང་དེ་བཀོད་འདོམས་བྱེད་མཁན་བཀའ་བློན་ཁྲི་པ་ཞིག་དགོས་པ་རེད། ཅེས་གསལ་འཁོད་གནང་ཡོད་ཅིང༌། བཀའ་བློན་ཁྲི་པའི་ལས་གནས་དེ་ད་ལྟའི་ཆབ་སྲིད་ཀྱི་གནས་བབས་དང་བཙོན་བྱོལ་བོད་གཞུང་གི་འགྲོ་སྟངས་བཅས་ཕྱོགས་གང་ཐད་ནས་ལས་གནས་གལ་ཆེན་ཞིག་ཆགས་བསྡད་ཡོད། ང་ཚོའི་མང་གཙོའི་འཕེལ་རིམ་དེ་རིམ་པ་གསུམ་དུ་དབྱེ་ཡོད་ཅིང༌། དེ་ཡང་རིམ་པ་དང་པོ་དེ༡༩༦༠ལོ་ནས༡༩༩༠ལོའི་བར་དང༌། རིམ་པ་གཉིས་པ་དེ་ཕྱི་ལོ༡༩༩༡ལོ་ནས་༢༠༠༡ལོའི་བར། རིམ་པ་གསུམ་པ་དེ་ཕྱི་ལོ༢༠༠༡ལོ་ནས་མུ་མཐུད་དུ་འགྲོ་བཞིན་ཡོད་པ་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གི་མི་རབས་གཅིག་འགྱུར་བ་འགྲོ་བཞིན་ཡོད་ཅིང༌། སྔར་བོད་ནས་སླེབས་པའི་མི་རབས་རྒན་པ་དག་གི་འགན་འཁྲི་དག་ཕལ་ཆེར་ཡོལ་ཏེ། ད་ལྟའི་བཙན་བྱོལ་བོད་གཞུང་འཛིན་མཁན་ཚོ་ནི་བོད་ནས་ཆུང་དུས་ནས་སླེབས་པ་ཤ་སྟག་གམ། བཙན་བྱོལ་ནང་འཚར་ལོངས་བྱུང་བ། ཡང་ན་ཕྱིས་སུ་བོད་ནས་ཕེབས་མཁན་རྐྱང་ཡིན་པ་རེད། མི་རབས་བརྗེ་བོ་བརྒྱབ་སྟེ་ལོ་ཆུང་བ་རྣམས་ཀྱིས་བོད་པའི་རྩ་དོན་གྱི་འགན་ཁུར་དགོས་པའི་དུས་ལ་སླེབས་ཡོད་པ་རེད་ཅེས་དང༌། གཞན་ཡང་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་ནས་བརྗོད་ཚེ། ང་ཚོའི་མང་གཙོའི་འཕེལ་རིམ་གྱི་ནང་དུ་ཐོག་མའི་ལོ༣༠ནང་རོལ་དུ་རྒྱལ་བ་རིན་པོ་ཆེའི་དགོངས་དོན་གཞིར་བཟུང་ཐོག་འགྱུར་བ་བྱུང་ཐུབ་མེད་ཅིང༌། ཕྱིས་སུ་མང་གཙོའི་འཕེལ་རིམ་ཐོག་འགྱུར་བ་གང་ཕྱིན་པ་ཐ་དག་རྒྱ་བ་རིན་པོ་ཆེས་མར་བཀའ་གནང་བ་ཤ་སྟག་གི་ཐོག་ནས་འགྱུར་བ་བཏང་བ་ཞིག་ཡིན་པ་ལས། ང་ཚོས་བསམ་ཞིབ་བྱས་མཐར་འགྱུར་བ་བཏང་བ་ཞིག་མ་རེད། ད་ལྟ་རྒྱ་བ་རིན་པོ་ཆེས་བཀའ་གནང་དོན། མ་འོངས་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་ཤིག་དང༌། ལྷག་པར་དུའང་བུད་མེད་ཅིག་བྱུང་ཚེ་ཡག་པོ་འདུག ཅེས་བཀའ་ཕེབས་ཡོད་པ་རེད། དེའང་མི་མང་ཚོས་རྒྱ་བ་རིན་པོ་ཆེའི་དགོངས་གཞི་གཞིར་བཞག་གིས་བཀའ་ཁྲི་འོས་བསྡུ་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་བསྡད་ཡོད་པ་རེད།
ང་སྒེར་གྱི་བསམ་འཆར་ལྟར་ན། མ་འོངས་བཀའ་བློན་ཁྲི་པ་དེ་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཐུབ་མཁན་དང༌། ད་ལྟའི་བཀའ་ཤག་གི་སྲིད་བྱུས་དག་རྒྱུན་སྐྱོང་ཐུབ་མཁན་གྱི་གང་ཟག་ཅིག་སླེབས་ཐུབ་པ་ཡིན་ན་ཕན་འབྲས་ཏན་ཏན་འབྱུང་གི་རེད་བསམ་གྱི་ཡོད། དེ་ནས་བཀའ་བློན་ཁྲི་པ་དེ་ཤེས་འཇོན་གཉིས་ལྡན་ཞིག་དགོས་ཤིང༌། བོད་མི་རིགས་ཀྱི་བདེན་མཐའ་སེལ་སླད་དུ་འཕྲལ་ཕུགས་གཉིས་ཏེ། འཕྲལ་དུ་བཙན་བྱོལ་བོད་མིའི་བདེ་སྡུག་བལྟ་ཐུག་མཁན་ཞིག་དང༌། ཕུགས་སུ་བོད་དོན་བདེན་མཐའ་སེལ་བར་དགོངས་པ་རྒྱ་ཆེན་པོ་དང་གུ་ཡངས་པོ་བཞེས་ཐུབ་མཁན་གྱི་གང་ཟག་ཅིག་དང༌། དེས་མ་ཟད་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིར་བཞག་སྟེ་སོ་སོའི་རིག་རྩལ་གྱིས་དཔྱད་བསྡུར་དང༌། གཞན་འཛམ་བུ་གླིང་དང་རྒྱ་ནག དེ་བཞིན་བོད་ནང་དུ་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པ་དག་གི་དངོས་དོན་དག་དུས་ནས་དུས་སུ་རྒྱལ་བ་རིན་པོ་ཆེ་ལ་སྙན་གསེང་ཞུ་ཐུབ་མཁན་གྱི་གང་ཟག་ཅིག་དགོས་པར་བསམ། ཞེས་གསུང་བྱུང༌། ཁོང་གིས་མུ་མཐུད་དུ་འོས་བསྡུའི་ལས་རིམ་ཐད་གསུང་དོན། བོད་མི་ཚོས་འོས་འདེམས་ནང་ཆ་ཤས་ལེན་པ་ཉུང་ཉུང་དུ་ཆགས་ཡོད་ཅིང༌། ལྷག་པར་དུ་གཞོན་སྐྱེས་ཚོས་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་པ་ཧ་ཅང་སྐྱོ་བའི་གནས་སྟངས་འོག་ལྷག་ལུས་བྱུང་ཡོད་འདུག ང་ཚོ་བོད་པ་ནི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས། ཆབ་སྲིད་ལ་དོ་སྣང་བྱེད་རྒྱུ་དང་ཆབ་སྲིད་ལ་དོ་སྣང་བྱས་པའི་ཐོག་ནས་འདེམས་བསྐོས་བྱས་པའི་སྤྱི་འཐུས་དང་བཀའ་ཁྲི་སོགས་ཀྱིས་ལས་ཀ་བྱེད་སྟངས་ལ་རྟོགས་དཔྱོད་བྱེད་རྒྱུ་ནི་གནད་འགག་རེད། མང་གཙོའི་སྲིད་གཞུང་གི་འགྲོ་ལུགས་ལྟར་གཞུང་བརྗེ་བོ་རྒྱག་པའི་དབང་ཚད་དེ་མི་མང་ལ་ཡོད་པ་རེད། མི་མང་གིས་དེའི་འགན་མ་ཁུར་ཚེ། མི་མང་གིས་འཐུས་ཤོར་དུ་བཏང་བ་ལ་ངོས་འཛིན་ཞུ་དགོས་པ་ཆགས་ཡོད།
དེ་བས་མ་འོངས་བཀའ་བློན་ཁྲི་པའི་ལས་ཀ་བྱེད་ཕྱོགས་དང་ལྟ་བ་ལངས་ཕྱོགས་ཀྱི་སྒང་ལ་དོ་སྣང་བྱེད་དགོས། སྤྱི་འཐུས་ལྷན་ཁང་ལ་ས་གནས་མང་པོ་ནས་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིར་བཞུགས་དགོས་ཤིང༌། དེའི་ཆེད་དུ་བཅའ་ཁྲིམས་ཀྱི་ནང་དུ་བཀའ་བློན་ཁྲི་པ་བསྟུད་མར་ཐེངས་གཉིས་ལ་བྱེད་བཞིན་པ་མ་ཡིན་པ་ཞེས་པར་འགྱུར་བ་གཏོང་དགོས་ལུགས་ཀྱི་ཡི་གེ་མང་པོ་སླེབས་ཀྱིན་འདུག ཡི་གེ་དེ་དག་གསོག་འཇོག་བྱས་ཏེ་ཕྱིས་སུ་མི་མང་མང་ཤོས་ཀྱི་བསམ་ཆར་གཞིར་བཟུང་གིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཞིག་གྲོས་ཚོགས་སུ་ཁུར་དགོས་ལ། བཅའ་ཁྲིམས་བསྐྱར་བཅོས་བྱེད་པར་གྲོས་ཚོགས་འཐུས་མི་༤༣ལས་༢༨གྱིས་རྒྱབ་སྐྱོར་ཐོབ་དགོས་ཤིང༌། དེ་ལྟར་བྱུང་ཚེ་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིར་བཞུགས་ཆོག་ཅིང༌། མ་བྱུང་ཚེ་བཀའ་ཁྲི་གསར་པ་ཞིག་སླེབས་དགོས་པ་རེད། ཅེས་གསུང་སོང༌།
བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཛ་དྲག་གི་གནས་བབས་དང་བཀའ་བློན་ཁྲི་པའི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྤེལ་གནང་ཞིང༌། ཁོང་གིས་དངོས་པོ་ཡར་རྒྱས་ཀྱི་ཚད་ལས་མི་འབོར་གྱི་འཕར་ཚད་མགྱོགས་དྲག་པ་ལས་བྱུང་བའི་དཀའ་ངལ་དང༌། དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་བབས་འདྲ་མ་མཉམ་པ་དང༌། གཅིག་གིས་གཅིག་ལ་བཙན་གནོན་བཤུ་གཞོག་བྱེད་པ། དབུལ་ཕྱུག་གི་ཁྱད་བག་ཆེ་བའི་ཛ་དྲག་གི་གནས་སྟངས། དེ་བཞིན་མིའི་སྲོག་འཚོ་བར་མེད་དུ་མི་རུང་བའི་བཏུང་བྱའི་ཆུ་དང་རྔུབ་བྱའི་སོལ་རླུང་གཙང་མ་མི་རག་པའི་ཁོར་ཡུག་ཉམས་ཆགས་ཀྱི་ཛ་དྲག་གནས་བབས། ཆོས་ལུགས་དབར་གྱི་འཁྲུག་རྩོད་སོགས་འཛམ་བུ་གླིང་གི་ཛ་དྲག་གི་གནས་བབས་ཐད་ལ་གསུང་བཤད་གནང་སོང༌། བཀའ་ཁྲི་མཆོག་གིས་བོད་ནང་གི་ཛ་དྲག་གནས་བབས་སྐོར་ལ་གསུང་དོན། བོད་ནང་དུ་ཕྱི་ལོ༡༩༥༩རྗེས་སུ་རྒྱ་ནག་གཞུང་གིས་བཤུ་གཞོག་གཉའ་གནོན་དང་ཟིང་འཁྲུག་ལྷིང་འཇགས་ཀྱི་མིང་ཐོག་ནས་བོད་མི་རིགས་ཚོར་ཡ་ང་བའི་སྡུག་སྦྱོར་མནར་གཅོད་བཏང་ཡོད་ཅིང༌། ཕྱི་ལོ༡༩༥༩ལོ་ནས་༡༩༧༩བར་གྱི་ལོ་ཉི་ཤུའི་ནང་ཚུད་དུ་བོད་མི་རིགས་ཀྱི་མི་འབོར་ཡོངས་ཀྱི་བརྒྱ་ཆ༡༩ལྷག་རྒྱ་ནག་གཞུང་གིས་བཟོད་པར་དཀའ་བའི་མནར་གཅོད་འོག་རྩ་མེད་བཟོས་པ་རེད། མི་རིགས་ཤིག་དང༌། རིག་གཞུང་ཞིག ལེགས་བྱང་ཞིག་བཅས་ཆགས་འཇིགས་ཀྱི་གནས་བབས་ལ་ཐུག་པ་རེད། སྔར་ལོའི་ཕྱི་ཟླ༣པ་ནས་བཟུང་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་ཆུ་ཚོད་སྐར་ཆ་གཅིག་ལའང་ཚོད་དཔག་བྱེད་དཀའ་བའི་སྡུག་བསྔལ་གྱི་འཚོ་བ་རོལ་བཞིན་ཡོད་པ་རེད། ཛ་དྲག་གི་གནས་ཚུལ་གསར་པ་ཞིག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་ལྷིང་འཇགས་ནང་བཞག་འདོད་མེད་པའི་རྣམ་འགྱུར་ཞིག་ཐོན་བཞིན་ཡོད་ཅིང༌། སྔར་ལོའི་ཟིང་ཆ་ད་ལྟ་ལྷིང་འཇགས་བྱུང་ཡོད་དུས་ལྷིང་འཇགས་བསྐྲུན་འདོད་མེད་པར། ངོ་རྒོལ་རྒྱག་མཁན་ཞིག་དང༌། སྐད་འབོད་རྒྱག་མཁན་ཞིག ཟིང་ཆ་ཞིག་མུ་མཐུད་ནས་མེད་ན་མི་འགྲིགས་པའི་སྲིད་བྱུས་ཤིག་བཟུང་སྟེ། ག་དུས་ཡིན་རུང་ཟིང་ཆ་བཟོ་བའི་འབད་བརྩོན་བྱེད་བཞིན་ཡོད་པའི་ཕུགས་ཀྱི་དམིགས་ཡུལ་ནི་བོད་མི་རིགས་དང༌། བོད་ཀྱི་ལེགས་བྱང་རྩ་མེད་བཟོ་སླད་རེད།
ྋསྐྱབས་མགོན་རིན་པོ་ཆེས་གསུངས་པ་བཞིན་བོད་ཀྱི་ལེགས་བྱང་སྡེབ་གསོད་བྱེད་པ་དང༌། དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུ། མི་རིགས་ཤིག་ལ་སྲོག་ཐོག་གི་ཉེས་པ་ཕོགས་ནས་བསྡད་པ་སོགས་དངོས་ཡོད་རེད། ཅེས་དང༌། བཀའ་བློན་ཁྲི་པའི་འགན་ཁུར་ནི་བཀའ་བློན་ཁྲི་པ་དང་བཀའ་བློན་ཁྲི་པའི་མགོ་ཁྲིད་པའི་བཀའ་ཤག་གི་གནས་བབས་དེ་བཅའ་ཁྲིམས་ལེའུ་བཞི་པའི་ནང་གི་གཞུང་གི་འགན་འཛིན་ཞེས་པར་ནང་གསལ་འཁོད་བྱས་པ་ལྟར། གཞུང་གི་འགན་འཛིན་དབང་ཆ་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་ལ་ཡོད་ཅིང༌། ྋགོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་གཞུང་གི་ཆབ་སྲིད་ཀྱི་ལས་དོན་འགན་ཁུར་རྐང་ལེན་བྱེད་མཁན་གྱི་བཀའ་ཤག་ལྷན་ཚོགས་དང་དེའི་མགོ་འདོམས་བཀའ་བློན་ཁྲི་པ༌ཞེས། བཀའ་བློན་ཁྲི་པ་ནི་ཆབ་སྲིད་ཀྱི་དབང་ཆ་འགན་ཁུར་རྐང་ལེན་བྱེད་མཁན་གྱི་སྣེ་མོ་བ་དང༌། བཀའ་ཤག་གིས་རྒྱུན་དུ་སྤྱི་འཐུས་ལྷན་ཁང་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང༌། དྲི་བར་ལན་འདེབས་བྱེད་དགོས་པ་རེད། ཅེས་སོགས་བཀའ་སློབ་གསུང་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།