ལྕགས་ཡོས་བཙན་རྒོལ་མེ་ལྕེ་ཞེས་པའི་དཔེ་དེབ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༦ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༠ཡོལ་ཙམ་ལ། མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་ཆེད་དུ་ཕྱི་ལོ་༢༠༠༩ལོ་ནས་འདི་ལོའི་ཕྱི་ཟླ་༣ཚེས་༡༥བར་རྒྱ་གཞུང་གི་བཙན་གནོན་འོག བོད་མི་༢༨ཀྱིས་རང་ལུས་མེར་བསྲེགས་བཏང་བ་སོགས་ཕྱོགས་བསྡུས་བྱས་པའི་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་བཅས་ཆེད་ཕེབས་གནང་འདུག་ལ། དཔེ་དེབ་དབུ་འབྱེད་མ་གནང་གོང་དུ། མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་རྩོམ་སྒྲིག་པ་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་འདས་པའི་ལོ་ངོ་༡༠རིང་རྩོམ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཀྱིས་སྤྱི་ལ་སྨན་པའི་ལས་ཀ་ག་རེ་བྱས་ཡོད་མེད་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་དོན།

དེབ་འདི་རྩོམ་སྒྲིག་གནང་མཁན་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ལམ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་ཞེས་པ་འདི་རྒྱུན་ལྡན་གྱི་རྩོམ་སྒྲིག་ཚོགས་ཆུང་དང་སྒྲིག་འཛུགས་ཡོད་པ་དེ་འདྲ་མ་ཡིན་པར། འདས་པའི་ལོ་༡༠ནང་དུ་བོད་ཀྱི་རྩ་དོན་དང་༧རྒྱལ་བ་ཐམས་ཅད་མཁྱེན་པའི་མཛད་རྣམ། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ག་དུས་བྱུང་ན་དེ་དུས་བློ་མཐུན་པའི་ང་ཚོ་རྩོམ་སྒྲིག་པ་ཁ་ཤས་ཤིག་འཛོམས་ནས་གོ་བསྡུར་བྱས་ཏེ། གཞིས་ལུས་བོད་མི་ཚོས་དཀའ་ལས་བརྒྱབ་བཞག་པ་དེ་ཚོ་དོན་མེད་ཡལ་དུ་མི་འཇུག་པར་ལོ་རྒྱུས་ཀྱི་ཡིག་ཆའི་ནང་དུ་འཁོད་དགོས་པ་དང་། རྒྱལ་སྤྱིའི་སྒང་སླེབས་དགོས་པ་གལ་ཆེན་པོ་ཞིག་ཆགས་ཡོད་དུས། ང་ཚོས་འདི་རིགས་ཀྱི་དཔེ་དེབ་རྩོམ་སྒྲིག་རབ་དང་རིམ་པ་བྱས་ཡོད་ལ།

རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་གྲུབ་སྟངས་ཀྱི་ཆ་ནས་ཡིན་ནའང་། རྩོམ་སྒྲིག་གི་ལས་དོན་གལ་ཆེན་པོ་རེ་རེ་ཐོན་དུས་ཚོགས་མི་མང་ཉུང་སོགས་གཅིག་པ་ཡོང་གི་མེད་ལ།  ལས་འགུལ་གྱི་ངོ་བོ་དང་འབྲེལ་བའི་ཐོག་ནས་ཚོགས་མི་མཁོ་སྒྲུབ་བྱས་ནས་རྩོམ་སྒྲིག་བྱེད་བཞིན་ཡོད་པ་དང་། ཚོགས་མི་ཚོ་ཡང་བོད་མིའི་སྒྲིག་འཛུགས་སོགས་ལས་ཁུངས་ཁག་གི་ནང་ལ་སོ་སོར་ལས་ཀ་ཡོད་བསྡད་པ་ཤ་སྟག་ཆགས་ཡོད་དུས། གཟའ་ཉི་མ་དང་ནངས་དགོང་སོགས་སོ་སོའི་གུང་གསེང་གི་དུས་ཚོད་བེད་སྤྱད་ནས་སྤྱི་བའི་དོན་ལ་ཏོག་ཙམ་ཕན་ཐོགས་ན་བསམ་ནས་རྩོམ་སྒྲིག་གི་ལས་ཀ་བྱས་བསྡད་པ་ཡིན་ལ། འདས་པའི་ལོ་བཅུའི་ནང་ལོགས་སུ། དང་པོ་དེ་པཎ་ཆེན་རིན་པོ་ཆེ་ སྐུ་མྱ་ངན་ལས་འདས་ཏེ་མི་ལོ་༡༠འཁོར་བའི་མཛད་རྣམ་ཞིག་དང་སྙན་དེབ་ཅིག་ཀྱང་རྗེས་དྲན་མཛད་སྒོ་ཞིག་དང་སྟབས་བསྟུན་འགྲེམས་སྤེལ་བྱས་པ་དང་། དེ་ནས་༢༠༠༡ལོར་༧རྒྱལ་བ་ཐམས་ཅད་མཁྱེན་པས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པའི་གཞུང་འབྲེལ་གྱི་མཛད་སྒོའི་ཐོག ༧མགོན་པོ་གང་ཉིད་ཀྱི་སྲིད་ཕྱོགས་ཀྱི་མཛད་རྣམ་ཞིག་བཏོན་ཡོད་པ་དང་། དེ་བཞིན་མདོ་སྨད་ཚོགས་ཆེན་ཐོག་གྲོས་གཞི་བཏོན་པ་གཞིར་བཟུང་གིས་མི་༧༠ལས་གྲུབ་པའི་རྩོམ་སྒྲིག་ཚོགས་ཆུང་ཅིག་གིས༼་དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་དཔྱད་པ་གཡའ་སེལ་མེ་ལོང་༽ཞེས་པ་ཤོག་གྲངས་༥༦༠ཡས་མས་ཡོད་པ་ཞིག་པར་བསྐྲུན་བྱས་ལ། དེ་ཚོ་བོད་ཡིག་ཐོག་པར་བསྐྲུན་བྱས་ཟིན་པ་མ་ཟད། རྒྱ་ཡིག་ནང་ཡང་བསྒྱུར་ཚར་པ་རེད། ཡང་ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་ནས་ཞི་རྒོལ་ཆེན་མོ་བྱུང་བའི་སྐབས་དེ་ལ་ཡང་ཛ་དྲག་གི་ཐོག་ནས་༼ས་བྱི་ལོའི་ཞི་རྒོལ་ཆེན་མོ༽ཞེས་པའི་དེབ་ཆེན་པོ་ཞིག་རྩོམ་སྒྲིག་བྱས་ཏེ་བོད་དབྱིན་གཉིས་ཀྱི་ཐོག་འགྲེམས་སྤེལ་བྱས་ཚར་བ་རེད་ལ། རྒྱ་ཡིག་གི་ཐོག་ལའང་བསྒྱུར་ཚར་ནས་མི་རིང་བར་འགྲེམས་སྤེལ་བྱ་རྒྱུ་ཡིན། དེ་ནས་༧རྒྱལ་བ་རིན་པོ་ཆེ་ཡི་མཛད་པ་འཕྲིན་ལས་དེ་ཧ་ཅང་གཏིང་ཟབ་ཅིང་རྒྱ་ཆེན་པོ་ཞེ་དྲག་ཡིན་དུས། ཡི་གེ་ཤེས་མཁན་དང་མི་ཤེས་མཁན་ཚང་མས་ཤེས་རྟོགས་བྱུང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་དུས། ༧མགོན་པོ་གང་ཉིད་ཀྱི་མཛད་པ་ས་བཅད་དྲུག་གི་ཐོག་དབྱེ་ནས་བོད་དབྱིན་གཉིས་ཀའི་ཐོག་འགྲེལ་བཤད་ཡོད་པའི་པར་ཆིག་སྟོང་ལྔ་བརྒྱ་ཅན་གྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་བརྙན་དེབ་༼འཇིག་རྟེན་མིག་འབྱེད་༽ཅེས་པ་ན་ནིང་སྐུའི་འཁྲུངས་སྐར་སྐབས་ཝ་ཤིང་ཊོན་དུ་དབུ་འབྱེད་གནང་ཡོད་ཅེས་དང་།

ལྕགས་ཡོས་བཙན་རྒོལ་མེ་ལྕེ་ཞེས་པའི་དཔེ་དེབ་དེ་རྩོམ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་དང་བརྗོད་བྱ། དེབ་མིང་ལ་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ་༽ཞེས་འདོགས་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་བརྗོད་དོན། ཕྱི་ལོ་༢༠༠༩ལོ་ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་དོན་ཆེད་མི་༢༨ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་རིམ་པར་བྱུང་བཞིན་ཡོད་དུས། འདིའི་སྐོར་ལོ་རྒྱུས་ཀྱི་ཡིག་ཆའི་ནང་དང་རྒྱལ་སྤྱིའི་སྒང་སླེབས་ཐུབ་རྒྱུ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་ཏེ། ཤོག་གྲངས་༤༥༠ཡོད་པའི་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽ཞེས་པའི་དེབ་དེ་རྩོམ་སྒྲིག་བྱས་པ་ཡིན།

ལས་འགུལ་རླབས་ཆེན་པོ་ག་རེ་ཡིན་ན་དུས་ཚོད་ཅིག་ངོས་འཛིན་བྱེད་ཐུབ་པ་ཡིན་ན། དེས་མ་འོངས་ལོ་རྒྱུས་ནང་ལ་དྲན་གསོ་བྱེད་ཐུབ་པར་བརྟེན། ལྕགས་ཡོས་ལོའི་དེ་རིང་གི་ཉིན་མོ་འདིར་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཆེན་པོ་ཞིག་འགོ་བཙུགས་པ་ཡིན་དུས། ང་ཚོས་དམིགས་སུ་བཀར་ནས་ལྕགས་ཡོས་བཙན་རྒོལ་མེ་ལྕེ་ཞེས་བཏགས་པ་ཡིན་ལ། དེབ་འདིའི་ནང་དུ་ཕྱི་ལོ་༢༠༠༩ལོ་ནས་ཁ་སང་ཕྱི་ཚེས་༡༥ཉིན་བར་གྱི་བོད་ཕྱི་ནང་གི་གནས་ཚུལ་ཚང་མ་ཆད་ལྷག་མེད་པའི་ཐོག་ནས་ཕྱོགས་བསྡུས་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ནས་བོད་མིར་རྒྱབ་སྐྱོར་གང་གནང་བ་དང་ཆ་ཤས་ག་རེ་བླངས་ཡོད་པ།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་གཙོ་གནང་བའི་བཙན་བྱོལ་སྤྱི་ཚོགས་ཁྲོད་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཅི་ཞིག་སྤེལ་གནང་ཡོད་པའི་སྐོར་དང་། ཡང་རྒྱ་མི་རིགས་ཀྱིས་གནད་དོན་འདིའི་ཐོག་ལྟ་ཚུལ་ག་རེ་འཛིན་གྱི་ཡོད་པ་དེ་གལ་ཆེན་པོ་ཆགས་ཡོད་དུས། དྲ་རྒྱ་སོགས་ཀྱི་ནང་དུ་མཐོང་བསྡད་པ་རྩོམ་ཡིག་༥༠ལྷག་འདུག དེ་ཚོ་དངོས་གནས་བྱས་ན་བོད་ཡིག་ནང་བསྒྱུར་དགོས་ཀྱི་ཡོད་པ་རེད་དེ་དུས་ཚོད་སོགས་ཀྱིས་བྱུང་མ་སོང་། ཡིན་ནའང་།  འདིར་རྩོམ་བྱང་དང་རྩོམ་པ་པོའི་མིང་། དྲ་རྒྱ་བཅས་ཀྱི་མིང་ཆ་ཚང་བཀོད་ཡོད་ཅེས་བརྗོད་སོང་།

དེ་ནས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་གནང་དོན།  རང་ལུས་མེར་སྲེག་གཏོང་མཁན་སོགས་སྤྱི་ཡོངས་ནས་ཕྱོགས་བསྡོམས་བྱེད་ཐུབ་པ་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན།  ཁོང་རང་ཚོས་གསུངས་པ་ལྟར། ད་ལོའི་ལོ་གསར་སྐབས་ཀྱི་ཉིན་གྲངས་༦གི་གུང་གསེང་བེད་སྤྱད་ནས་ཨུ་ཚུགས་མཐའ་སྐྱེལ་གྱིས་དཔེ་དེབ་འདི་ཕྱོགས་སྒྲིག་བྱེད་ཐུབ་པ་བྱུང་པ་མ་ཟད། སྤྱིར་བཏང་དུས་རབས་ཉི་ཤུ་རྩ་གཅིག་པའི་འཕྲུལ་ཆས་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་རེད་དེ། ཁ་སང་དེ་རིང་གནས་ཚུལ་བྱུང་བ་ཡན་ཆད་དེབ་ནང་བཀོད་ཐུབ་པ་དེ་ལྷག་བསམ་རྣམ་དག་གིས་དཀའ་ལས་བརྒྱབ་པ་དང་འབད་བརྩོན་བྱས་ཡོད་པའི་མིག་དཔེ་བཟང་པོ་ཞིག་ཡིན་ལ། རྩོམ་སྒྲིག་པ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེབ་དེ་རག་ཚར་ཙམ་ཡིན་པས་ནང་དོན་ད་ལྟ་ང་ཚོས་བལྟ་རྒྱུ་རེད་དེ།  དེ་སྔོན་རྩོམ་སྒྲིག་པ་རྣམ་པས་དེབ་བཏོན་པ་དེ་ཚོ་སྤྱི་ཡོངས་དང་རྩ་དོན་ལ་ཕན་པ། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གནང་ཡོད་པས། དེ་འདྲ་རང་ཡོད་ཤག་ཤག་གི་ཡིད་ཆེས་བྱེད་ཀྱི་ཡོད། རྩོམ་སྒྲིག་པ་རྣམ་པས་སྐུ་ལས་བསྐྱོན་པའི་དེབ་དེ་དབུ་འབྱེད་བྱེད་རྒྱུའི་གོ་སྐབས་བྱུང་བར་བཀའ་ཤག་གི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། མཐའ་དོན་དེར། ཡང་བསྐྱར་རྩོམ་སྒྲིག་པ་རྣམ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེ་རྗེས་སྤྱི་འཐུས་སྒྲོན་དཀར་སྐྱབས་ལགས་ཀྱིས་བཀའ་ཁྲི་མཆོག་གིས་གཙོ་གནང་པའི་དཔེ་དེབ་དབུ་འབྱེད་ཀྱི་ཚོགས་འདུར་ཞུགས་མཁན་ཡོངས་ལ་ཐུགས་རྗེ་ཞེས་ཞུས་སྟེ་ཚོགས་འདུ་མཇུག་བསྡུས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༦༢༠༡༢༡༨༡༠
གཞིས་བསྡོད་བོད་མིའི་རེ་བའི་མིག་ཟུང་ཁྱེད་ལ་ལྡིར་ནས་གདུག་རྩུབ་གྲོལ་བའི་གཏམ་བཟང་སྒུག།
བཙན་པོས་གནང་བའི་ཕ་གཞིས་དྲོན་མོས་ལྷ་ཁང་ནང་དུ་ཀླ་ཀློ་འཁྱམ་པོས་བཤས་ར་བཟོས། 
བཙན་པོས་བཞག་པའི་ལྷ་ཆོས་མི་ཁྲིམས་ཀླ་ཀློ་འཁྱམ་པོས་དམིགས་འབེན་མདའ་གྲིས་གཙག་གདན་གྱུར། 
བཙན་པོས་བཅས་པའི་དམ་བཅའ་རྣལ་མའི་ཕུག་འདུན་དམིགས་ཡུལ་བཙན་པོས་བུ་ཕྲུག་ཁྱེད་ལ་བཅང།

 རབ་བྱུང་ངུར་སྨྲིག་ཅན་གྱིས་སྟོན་པའི་བསྟན་འཛིན་སྐུ་སྲོག་ཕངས་མེད་གཞན་དོན་མེར་རུ་གཤེགས། 
སྟག་ཤ་གཞོན་པས་དཔའ་ངར་ཞུམ་མེད་རང་དབང་གཙང་མའི་འཐབ་བརྩོད་དྲག་མཚོན་རྩེ་རུ་བརྩོད། 
སྐྱེས་མས་བུ་ཕྲུག་རྒྱབ་ཏུ་བསྐྱུར་ནས་ཕ་ས་ཤོར་བའི་དགྲ་ཤ་དམར་པོ་མེ་ལས་བླངས། 
ཞི་བདེའི་ལྷ་བྱ་བོད་ལ་ཕེབས་པའི་རེ་བསྒུག་ཁྲོད་ནས་རྣམ་ཤེས་མང་པོས་ཁྱེད་རང་བསྒུག། 

འབྲོག་པའི་ཕ་ས་བྱང་ཐང་ཤོར་ནས་གཡོ་དང་འཁྲུལ་ཡིས་ཕ་ས་ཀླ་ཀློ་འཁྱམ་པོོས་བཟུང། 
འབྲོག་པའི་སྙིང་ནོར་རྟ་ནོར་ལུག་གསུམ་བཤས་རར་ཕབས་ཅིང་ཕ་ཟོག་རང་དབང་རང་བདག་བྲལ། 
འབྲོག་པའི་ཟས་མཆོག་དཀར་གསུམ་འོ་ཞོ་ཀླ་ཀློ་དུད་འགྲོའི་ཞིམ་མངར་ཁ་ཡི་སྦྲང་རྩི་གྱུར། 
བྱང་ཐང་འབྲོག་པས་འ་ཆད་འུ་ཐུག་རང་ས་རང་བདག་རེར་བའི་མིག་འབུར་ཁྱེད་ལ་ལྡིར། 

ཆོལ་གསུམ་བོད་པས་རེ་བསྒུག་བྱས་པའི་འཚེ་མེད་ལྟ་གྲུབ་གཏིང་ཟབ་ཀླ་ཀློའི་དོན་མ་རྟོགས། 
འཚེ་མེད་ལྟ་གྲུབ་གཞི་རིམ་ཐོག་ནས་ཆོལ་གསུམ་ཡུལ་དུ་རང་དབང་གཙང་མའི་མེ་ཞགས་འཁྲིགས། 
གཞིས་བསྡོད་བོད་མིའི་ལོ་ཉུང་དཔའ་བོས་བདེན་པའི་ཀི་སྒྲས་ས་ཡི་གོ་ལ་ཧྲིལ་པོ་འགུལ། 
ལོ་ཉུང་དཔའ་བོས་ཀི་སྒྲའི་བར་ནས་རེ་བའི་མིག་ཟུང་ཁྱེད་ལ་ལྡིར་བཞིན་ཚེ་སྲོག་ཤོར། 

རང་དབང་ཡུལ་ནས་དྲང་བདེན་ཅན་གྱི་རྒྱབ་བསྐྱོར་འཚོལ་ཞིང་རང་དབང་གཙང་མའི་ལས་ལ་འབད།
གཞིས་བྱེས་བོད་མིའི་དཀའ་སྡུག་བསམ་ནས་སྤྱི་དོན་རྩ་བའི་རྩེར་རུ་ཁུར་ཞིང་སྒེར་དོན་དབེན། 
བཙན་པོས་གནང་བའི་ཕ་གཞིས་དེ་དང་བཙན་པོས་བུ་ཚ་གདུག་ཅན་ཁ་ནས་སྐྱབས་ཞིང་འཚོ། 
བོད་རྒྱལ་བཙན་པོས་ཁྲག་རྒྱུན་ལྷད་མེད་ཁྱེད་ཀྱི་རྩ་ལམ་ནང་དུ་གཞུར་ཞིང་སྙིང་སྟོབས་ཅན།

༼བློ༽རིགས་ལེགས་པས་མཁས་པ་བརྒྱ་ཡིས་གྲལ་མགོ་གནས་ཞིང་དཔའ་བོ་བརྒྱ་ཡིས་རྒྱབ་བསྐྱོར་མཆོག་
༼བཟང༽སྤྱོད་ལེགས་པས་ཆོལ་གསུམ་བོད་མིའི་ཀླད་དུ་བཀུར་ཞིང་སྲིད་སྐྱོངས་མཚན་སྙན་སྲིད་ན་བརྗིད།  
༼སེངྒེས༽་ངར་སྒྲས་ཀླ་ཀློ་ཝ་མོས་སྙིང་རྩ་བཅད་ནས་སྲིབ་དོང་ཁུང་བུས་བརྫུན་རྐུབ་བརྡོལ། 
༼སེངྒེས༽མིང་པས་སེངྒེས་རྟགས་ཅན་རྒྱལ་དར་བཟུང་ནས་ཆོས་སྲིད་བསྟན་པ་དགུང་དང་མཉམ། 
བོད་རྒྱལ་ལོ། སྲིད་སྐྱོང་སེང་གེ་སེང་གེའི་རྟགས་ཅན་རྒྱལ་དར་ཅན་རྒྱལ་ལོ། བོད་རྒྱལ་ཁབ་ཆེན་པོས་རྒྱལ་དར་སེངྒེས་མིང་ཅན་ཞིག་གིས་ཟིན་པ་འདི་བོད་ཆོས་སྲིད་དར་བའི་བརྟེན་འབྲེལ་མིན་ན་གང་ཡིན། བོད་ལ་རང་དབང་བདེ་སྐྱིད་གྱི་ཉི་མ་མྱུར་དུ་ཤར་ནས་གཞིས་བྱེས་བོད་མི་མཉམ་འཛོམ་ཡོང་བའི་སྨོན་ལམ་དང་ཤར་ཕྱོགས་ཁུག་རྟ་དུད་འགྲོའི་ལུས་ལས་ཐར་སྟེ་བོད་ཀྱི་སྲིད་སྐྱོངས་བཀའ་བློན་བློ་བཟང་སེངྒེ་མཆོག་གིས་འཁོར་དུ་སྐྱེ་ནས་ཐར་ལམ་ཐོབ་པ་དང་མ་ཚད་ཡེ་རྡོ་ཡང་བདེ་འགྲོ་ཐོབ་པ་སྨོན།



བརྗོད་གཞི་གཞན་ཁག་ལ་གཟིགས།