སྤྱི་འཐུས་སྐབས་༡༥པའི་ཚོགས་དུས་གསུམ་པ་དབུ་འཛུགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༤ཉིན། དེ་རིང་ཞོགས་པ་ཆུ་ཚོད་༩དང་ཕྱེད་ཀ་ཙམ་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་ཚོགས་དུས་གསུམ་པ་དབུ་འཛུགས་ཀྱིས་ཉིན་གྲངས་༡༠རིང་ཚོགས་བཞིན་འདུག

སྐབས་དེར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན། དེ་བཞིན་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་གི་འཐུས་མི་སོགས་ཆེད་ཕེབས་གནང་ཡོད་པ་དང་། ཚོགས་འདུའི་སྐབས་སྤྱི་འཐུས་དང་བཀའ་བློན་ཡོངས་ནས་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དང་རྒྱལ་སྤྱིའི་ཐོག་ཛ་དྲག་འབོད་སྐུལ་མཚོན་ཆེད། བོད་དབྱིན་གཉིས་ཀྱི་ཐོག་བྲིས་པའི་༼བོད་སྐྱོབས༽ཞེས་པའི་དཔུང་རིས་ནག་པོ་དཀྲིས་ནས་ཚོགས་ཞུགས་གནང་འདུག་ལ། ཐེངས་འདིར་སྤྱི་འཐུས་གཉིས་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གསུམ་ཚོགས་འདུར་དངོས་བཅར་ཞུས་ཐུབ་མི་འདུག

ཚོགས་འདུའི་ཐོག་མར། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་རྐྱེན་པས་ཚོགས་འདུའི་བརྗོད་གཞིར་བསྒྱུར་བཅོས་གཏོང་དགོས་བྱུང་བའི་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཚོགས་འདུ་བརྒྱུད་ཚོགས་ཞུགས་པ་ཚོས་བཟང་སྤྱོད་ལྡན་པའི་ཐོག་ནས་བརྗོད་གཞི་འདྲ་མིན་གྱི་ཐོག་གྲོས་བསྡུར་གནང་དགོས་པའི་སྐོར་སྐུལ་མ་གནང་དོན། ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ལ་སྤྱི་འཐུས་རྣམ་པ་ཚོས་རིག་པ་སྒྲིམ་དགོས་ས་གཙོ་བོ་གཅིག་སྔོན་རྩིས་རེད། སྔོན་རྩིས་ཀྱི་ཐོག་ལ་ང་ཚོས་དུས་ཚོད་ཀྱང་མང་པོ་ཞིག་གཏོང་དགོས་སྲིད་ཀྱི་རེད། དེ་བཞིན་ཁྲིམས་བཟོའི་ལས་དོན་གྱི་ཐོག་ལ་གནད་དོན་གལ་ཆེ་བ་ཁ་ཤས་ཤིག་ཡོང་སྲིད་ཀྱི་རེད། གྲོས་ཚོགས་ཕྱི་ནང་གཉིས་ཀྱི་གནས་སྟངས་འོག་ནས་དེ་ཚོའི་ཐོག་ལ་སེམས་ཀྱི་ཚོར་བ་དང་འབྲེལ་བའི་གནད་དོན་དེ་འདྲ་མཐོང་གི་ཡོད་ན། གྲོས་ཚོགས་ནང་ལ་བགྲོ་གླེང་བྱེད་སྐབས། གྲོས་ཚོགས་ལ་ཆེ་མཐོང་ཡོད་པའི་ཐོག་ནས་བཀའ་མོལ་གནང་རྒྱུ་གལ་ཆེན་པོ་རེད། ད་རེས་གྲོས་ཚོགས་ཀྱི་ལས་རིམ་ཚང་མའི་ཐོག་ལ་སྤྱི་འཐུས་རྣམ་པ་ཚང་མས་ཐུགས་བསམ་ཡག་པོ་ཞིག་བཞེས་ནས་གྲོས་ཚོགས་ཀྱི་ལས་རིམ་ཆ་ཤས་ལེན་དགོས།  ང་རང་ཚོ་ལ་མི་མང་གིས་རེ་བ་བཅོལ་པ་ནང་བཞིན་བྱས་ནས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་དགོངས་ཚུལ་ག་རེ་ཡོད་ན་ཡང་གསུང་ཏེ་གྲོས་བསྡུར་ལྷུག་པོ་གནང་དགོས་ཞེས་སོགས་གསུངས་སོང་།

བོད་ནང་གི་ཛ་དྲག་གནས་སྟངས་ཐད་སྤྱི་མོས་ཐོག གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་༨བཞག་དོན། ༡ གཞིས་བཞུགས་བོད་མི་རྣམས་ཀྱིས་རང་ཡུལ་ནང་རྒྱ་དམར་གྱི་དྲག་རྩུབ་ཀྱི་བཙན་གནོན་ཁོ་ནའི་འོག་དཀའ་སྡུག་རྒྱུན་མི་ཆད་དུ་མྱངས་དགོས་ལ་འུ་ཐུག་ཐབས་མེད་བཟོད་བྲལ་དུ་གྱུར་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་རྣམས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་གདུང་འབོད་ཤུགས་དྲག་དང་བཅས་རང་ལུས་ཚུན་ཞུགས་འབུལ་གྱིས་ལེགས་སྐྱེས་སུ་འབུལ་གནང་གི་གཟི་བརྗིད་ལྡན་ཞིང་། བློས་བཏང་ཆེན་པོའི་དཔའ་མཛངས་ཀྱི་སྙིང་སྟོབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་དང་འབྲེལ་རྩ་ཆེའི་སྐུ་སྲོག་ཤོར་བ་རྣམས་དང་། འཛིན་བཟུང་དོ་དམ་འོག་སྡུག་སྦྱོང་མནར་གཅོད་མི་ཟད་པ་མྱོང་བཞིན་པ་བཅས་ལ་སྙིང་དབུས་ནས་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་ཆབས་གཅིག རྒྱ་གཞུང་གིས་འཚེ་མེད་ཞི་བའི་ལས་འགུལ་བའི་དགོས་འདུན་ཁག་ལ་ཡ་ལན་བདག་སྤྱོད་བྱ་རྒྱུའི་རྣམ་པ་ཙམ་ཡང་མེད་པར་དྲག་གནོན་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་ཡིན།

༢ རྒྱ་ནག་དམར་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་སྲིད་བྱུས་ཐབས་སྡུག་འདི་རིགས་འཕྲལ་ནས་མྱུར་ཏུ་མཚམས་འཇོག་གིས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་འཁོད་ཡོད་པའི་མི་རིགས་རང་སྐྱོང་དང་། གཞི་རིམ་གྱི་ཐོབ་ཐང་ཁག་ལག་བསྟར་དོན་འཁེལ་ངེས་པར་ཡོང་བའི་འགན་ལེན་བྱ་དགོས།

༣ དེའི་ཕྱིར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་དེ་དག་དངོས་སུ་ལག་བསྟར་ཡོང་ཆེད་བོད་རྒྱ་གཉིས་དབར་ཞི་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་བྱ་དགོས།

༤ བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་གཏོང་བྱ་དགོས་པ་དང་། དེ་མིན་དངོས་ཡོད་གནས་སྟངས་འཚོལ་ཞིབ་བྱེད་པོའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་མར་ཡོང་འཇུག་དགོས། དེ་བཞིན་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་པ་རྣམས་དང་། ཚོགས་སྡེའི་སྐུ་ཚབ། སྒེར་པའི་ཡུལ་བསྐོར་སྤྲོ་འཆམ་པ་བོད་ནང་འགྲོ་ཆོག་པའི་རང་དབང་སྤྲོད་དགོས།

༥ རྒྱ་གཞུང་གིས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་དང་། བོད་མི་འབྲོག་པ་རྣམས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་སོགས་ཀྱིས་བོད་དུ་རྒྱའི་མི་འབོར་གནས་སྤོ་བྱེད་པའི་ཆ་རྐྱེན་རྒྱ་ཆེ་བསྐྲུན་ཏེ་ཕ་མེས་ནས་བརྒྱུད་པའི་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་བརླག་ཏུ་གཏོང་རྒྱུའི་ཕུགས་བསམ་ངན་ཞིང་། བོད་མིའི་སེམས་ཚོར་ལ་དོ་ཕོག་འགྲོ་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱས་དང་བྱེད་བཞིན་པ་རྣམས་འཕྲལ་མར་མཚམས་འཇོག་གིས་ཡུལ་གྱི་བདག་པོ་བོད་མི་རྣམས་ལ་འཕྲལ་ཕུགས་བདེ་ཐབས་ཀྱི་ཁེ་ཕན་དང་། ཐོབ་ཐང་གང་ཅིར་བལྟ་སྐྱོང་གི་འགན་ལེན་ངེས་པར་བྱ་དགོས།

༦ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་བཏང་སྟེ་ད་ལྟའི་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས།

༧ འཛམ་གླིང་གི་དབུ་ཁྲིད་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་དཀྲོལ་གནང་སྟེ། བོད་མིའི་དགོས་འདུན་རྣམས་འགྲུབ་ཐབས་དང་ཚེ་སྲོག་སྐྱོབ་ཐབས་བཅས་པར་ནུས་ཐོན་གྱི་འགན་འཁུར་འཕྲལ་མར་ལེན་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ།

༨ ད་ཕན་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་པ་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོ་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱིས་འཚེ་མེད་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་དཀའ་ངལ་རྣམས་འཕྲལ་ནས་མྱུར་ཏུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་བཞིན་ཡོང་བ་ཞུ་རྒྱུ། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་ཡོང་བའི་འབོད་བསྐུལ་བསྐྱར་ནན་དུ་ཞུ་རྒྱུ་བཅས་ཡིན་འདུག

སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གསུམ་པ་འདི་བཞིན་དབུ་འཛུགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གྲོས་བསྡུར་གནང་བཞིན་འདུག་ལ། ཟླ་འདིའི་ཕྱི་ཚེས་༢༤ཉིན་ཡོངས་སུ་མཇུག་བསྡུ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།