བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་གཙོ་བོ་བོད་དོན་བདེན་བདར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༢ཉིན། དེ་རིང་ཞོགས་པ་ཆུ་ཚོད་༩ཡོལ་ཙམ་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་བོད་ཀྱི་འགྲེམས་སྟོན་ཁང་གི་མདུན་དུ་བུད་མེད་སྒེར་ལངས་ཀྱི་དུས་དྲན་ཐེངས་༥༣པ་སྲུང་བརྩི་ཟབ་རྒྱས་ཞུས་སོང༌།

སྐབས་དེར་སྐུ་མགྲོན་གཙོ་བོ་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོ་གནང་བའི་སྤྱི་འཐུས་ཁག་ཅིག་དང༌། དེ་བཞིན་དྷ་ས་ཁུལ་དུ་ཡོད་པའི་བཙུན་དགོན་ཁག་གི་བཙུན་མ་དང་བོད་ཁྱིམ་སློབ་གྲྭའི་བུ་མོ་རྣམས། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བུད་མེད་སོགས་འདུ་འཛོམས་ཀྱིས། ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་ཞི་བའི་སྒེར་ལངས་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་བོ་༥༣འདས་པའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་སོང༌།

དེ་རིང་གི་མཛད་སྒོའི་ཐོག་མར་ཐང་སྟོང་ཟློས་གར་ཚོགས་པས་དབུ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བུད་མེད་ལངས་གླུ་བཏང་གྲུབ་རྗེས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་༡གནང་བ་དང༌། དེ་ནས་ཉི་ཧོང་དང་འཇར་མན། སི་ཕན་བཅས་ཀྱི་སྐད་ཡིག་ནང་བསྒྱུར་བའི་བོད་ཀྱི་བུད་མེད་རྩོམ་པ་པོ་དང་གླུ་མ་འཇམ་དབྱངས་སྐྱིད་ལགས་ཀྱིས་བརྩམས་པའི་༼མནར་གཅོད་ཀྱི་གོ་རིམ་ཞིག༽ཅེས་པ་དབུ་འབྱེད་གནང་སོང༌།

སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོན་དཀར་ལྷ་མོ་ལགས་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་ཨེ་ཊ་ལའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་བཅས་ཀྱིས་སྔ་གཞུག་ཏུ་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་རྗེས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་ཆེད་རང་ལུས་མེར་བསྲེགས་བཏང་བའི་བུད་མེད་དག་གི་པུར་སྒམ་འཁུར་ཏེ་གཙུག་ལག་ཁང་གི་སྒོ་ཆེན་ནས་དབུ་འཛུགས་ཀྱིས་ངྷ་ཤོད་ཀཱ་ཅཱ་རའི་ས་གནས་ཁྲིམས་ཁང་བར་ཞི་རྒོལ་གོམ་བགྲོད་གནང་ཡོད་པ་རེད།

དེ་ཡང་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་འཁོད་དོན། དེ་རིང་གི་ཉིན་མོར་བོད་ཀྱི་བུད་མེད་ཀྱིས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་མི་ལོ་༦༣འཁོར་བར་དུས་དྲན་སྲུང་བརྩི་ཞུ་བ་དང་སྦྲགས་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་ཚུན་བློས་གཏོང་གནང་མཁན་སྔོན་གཤེགས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ལ་རྗེས་དྲན་ཞུ་རྒྱུ་ཡིན། རྒྱ་དམར་གྱི་དྲག་གནོན་ལ་བོད་ཀྱི་བུད་མེད་ནས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་གདོང་ལེན་མཐར་ཕྱིན་བྱས་པའི་ཉར་ལེན་ལས་དྲང་བདེན་མིན་པ་དང༌། གཉའ་གནོན་གྱི་ལམ་ལུགས་ལ་སྒེར་ལངས་ཐུབ་པའི་འཐབ་རྩོད་རྒྱུན་འཁྱོངས་ཐུབ་པའི་སྙིང་སྟོབས་ཀྱི་རྩ་བ་འབྱིན་ཡོད། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་དེ་འདྲའི་གདོང་ལེན་བློ་གཏོང་རྣམས་ཆུ་ཟོས་སུ་མི་གཏོང་བའི་ཁས་ལེན་དམ་བཅའ་ཞུ་རྒྱུ་མ་ཟད། གཞིས་བྱེས་བོད་མི་ཡོངས་ནས་ནུས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་ནས་བོད་དོན་ཆེད་གཞོགས་འདེགས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་དང༌།

བུད་མེད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན། འཛམ་གླིང་སྤྱི་ཡོངས་དང་ལྷག་པར་དུ་རྒྱ་གཞུང་གི་འགོ་ཁྲིད་ཚོར་འབོད་སྐུལ་གནང་དོན། རྒྱལ་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཞི་ཐབས་སུ་དྲག་པོའི་ཁྲིམས་གཞི་བསྡམས་ནས་རྡུང་རྡེག་གཏོང་བ་དེས་བོད་མིའི་སེམས་ཁམས་སུ་རྨ་ཁ་ཆེ་རུ་གཏོང་གི་ཡོད་པ་མ་ཟད། རྒྱ་གཞུང་གི་དབང་འཛིན་མི་སྣར་ཞེ་འཁོན་ཇེ་ཆེ་ཇེ་ཟབ་ཏུ་སོང་བ་ནི་རྒྱ་གཞུང་ལ་དེ་བས་ཁག་ཏུ་འགྲོ་བ་དེ་ངེས་ཤེས་ཐུབ་དགོས། བོད་ནང་སྐུ་ལུས་ཞུགས་འབུལ་གནང་མཁན་ཚང་མས་བོད་ལ་རང་དབང་དགོས་པ་དང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་བཅས་ཀྱི་འབོད་ཚིག་བསྒྲགས་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་ཚེ་སྲོག་སྐྱོབ་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་བོད་ནང་དྲག་གནོན་མཚམས་འཇོག་ཡོང་བར་ཐེ་ཇུས་དགོས་པ་དང༌། བོད་དུ་གསར་འགོད་པ་འགྲོ་བསྐྱོད་ཆོག་པ་ལ་སོགས་པ་ཕྱོགས་ཡོངས་ནས་རྒྱ་གཞུང་ལ་གོ་རིམ་ལྡན་པའི་གནོན་ཤུགས་སྤྲད་རྒྱུར་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ད་དུང་ང་ཚོས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་༼Navanethem Pillay༽མཆོག་ལ་བོད་ནང་གི་དཀའ་རྙོག་ཡོད་སའི་ས་ཁུལ་ཁག་ལ་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་སྐུ་ཉིད་ངེས་ཕེབས་དགོས་པའི་ཁར་ཞིབ་འཇུག་མི་སྣ་གཏོང་གནང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་སྲིད་འཛིན་ཧུའུ་ཅིང་ཐའོ་ནི་མི་དམངས་ཀྱི་བདེ་སྡུག་ལ་སེམས་འཁུར་མེད་པ་དང༌། འགན་འཁྲི་མེད་པ་བོད་མི་དམངས་ལ་གཉའ་གནོན་གཏོང་མཁན་གྱི་འགོ་ཁྲིད་ཞིག་ཏུ་ངོས་འཛིན་ཞུས་དང་ཞུ་བཞིན་ཡོད་ལ། ཁོ་པའི་སྐབས་བོད་ནང་དྲག་སྤྱོད་ཀྱི་སྲིད་བྱུས་ལག་བསྟར་རབ་དང་རིམ་པ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཀྲང་ཅིན་ལི་སྐབས་བོད་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལས་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་བར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོས་རྒྱ་ནག་གི་མི་རབས་ལྔ་པའི་འགོ་ཁྲིད་ཞི་ཆིང་ཕིན་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲིན་ཆོན་གོ་བཅས་ནས་བོད་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་རྒྱུའི་ཡིད་ཆེས་ཡོད། ང་ཚོས་ཞི་ཅིང་ཕིན་ལ་རང་ལུས་མེར་སྲེག་གཏོང་མཁན་གྱི་གཞིས་ལུས་བོད་མིའི་འབོད་སྒྲ་ལ་ཡ་ལན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། མ་ཟད། བོད་ནང་གི་གནས་སྟངས་ལ་རྟོགས་ཞིབ་གནང་བའི་ཐོག་བཙན་བྱོལ་བོད་མིའི་འགོ་ཁྲིད་ལྷན་དུ་གྲོས་མོལ་གནང་རྒྱུའི་རེ་འདུན་ཡང་ཞུ་རྒྱུ་ཡིན། ད་དུང་ཁོང་ལ་བོད་ཀྱི་དཀའ་རྙོག་མཐའ་དག་ཞི་བའི་ཐབས་ཇུས་སྟེང་ནས་སེལ་ཐབས་ཡོང་བའི་གོ་སྐབས་དམ་འཛིན་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།